མི་དབང་མཆོག་གིས་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ནང་ལས་ ཤེས་ཡོན་མཐར་འཁྱོལ་མི་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ།

སྤྱི་ཟླ་ ༨ པའི་ཚེས་ ༡༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ ཤེས་ཡོན་མཐར་འཁྱོལ་གྱི་ མཛད་སྒོ་ཐེངས་ ༢༨ པ་ བརྩི་སྲུང་ཞུ་སར་ ཤེས་ཡོན་མཐར་འཁྱོལ་མི་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ་ཨིན་པས།

དེ་བསྒང་ མི་དབང་མཆོག་གིས་ རྒྱལ་ཡོངས་ཀྱི་ མདུན་ལམ་དང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ འགན་ཁུར་དང་ བློ་གཏད་ དཔལ་འབྱོར་གོང་འཕེལ་ཚུ་གི་ དམིགས་དོན་ཚུ་ སྒྲུབ་ཐབས་ལུ་ དམིགས་བསལ་གྱིས་ བཅོས་མའི་རིག་རྩལ་དང་སྦྲགས་ཏེ་ འཕྲུལ་རིག་གོང་འཕེལ་གྱི་ གོ་སྐབས་ཚུ་ སྤྱོད་དགོ་པའི་ གལ་གནད་སྐོར་ལས་ གསུངས་གནང་ནུག།

དེ་མ་ཚད་ མི་དབང་མངའ་ཞབས་མཆོག་གིས་ ང་བཅས་རའི་ ཁྱད་ཆོས་ཅན་གྱི་ ལམ་སྲོལ་དང་ ངོ་རྟགས་ལུ་བརྟེན་ཏེ་ དོ་འགྲན་ཅན་གྱི་ ཁེ་ཕན་ཡོད་པའི་སྐོར་ལས་ཡང་ ཐུགས་འཆར་ཚུ་ གསུངས་གནང་ཡོདཔ་ཨིན་པས།

དུས་ཅི་གི་ མཐར་འཁྱོལ་མཛད་སྒོ་ནང་ལས་ ཕོ་སྐྱེས་ ༡༥༤ དང་ ཨམ་སྲུ་ ༡༠༤ འབདཝ་ད་ མི་གྲངས་བསྡོམས་ ༢༥༨ ལུ་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ ནང་ལས་ ཤེས་ཡོན་མཐར་འཁྱོལ་གྱི་ ཤེས་ཚན་ལག་ཁྱེར་ཚུ་ཐོབ་ནུག།

ཁོང་གི་གྲས་ལས་ མི་གྲངས་ ༡༧༧ གྱིས་ ཚོང་འབྲེལ་བདག་སྐྱོང་ནང་ མཐོ་རིམ་གོང་མའི་ཤེས་ཚད་དང་ ༢༣ གྱིས་ རྩིས་བཀོད་རིག་པའི་ནང་ མཐོ་རིམ་ཌི་པོལ་མའི་ཤེས་ཚད་ དེ་ལས་ ༣༠ གིས་ བརྡ་དོན་འཕྲུལ་རིག་ནང་ ཌི་པོལ་མའི་ ཤེས་ཚད་དང་ ༢༨ ཀྱིས་ དངུལ་རྩིས་འཛིན་སྐྱིང་ནང་ ཌི་པོལ་མའི་ཤེས་ཡོན་ཚུ་ མཐར་འཁྱོལ་ཡོད་པའི་གནས་ཚུལ།  

Please follow and like us: