གྲུབ་དབང་མ་གཟིམ་སྐུ་བགྲེས་ སློབ་དཔོན་དཀར་མདོག་མཆོག་ དགོངས་པ་ཆོས་དབྱིངས་ལུ་ཐིམ་ཡོད་པ།

མགོན་པོ་རྡོ་རྗེ།

མེ་རྟ་ཟླཝ་ ༦ པའི་ཚེས་ ༢༦ སྤྱི་ཟླ་ ༨ པའི་ཚེས་ ༩ ལུ་ ཕྱི་རོའི་ཆུ་ཚོད་ ༥ དེ་ཅིག་ཁར་ ཐིམ་ཕུ་ཀུན་གསལ་ཕོ་བྲང་གི་ ཉེ་འདབས་ལུ་ཡོད་མི་ གནས་སྐབས་ཀྱི  མཚམས་ཁང་ཅིག་ནང་སྦེ་ མ་ཆེན་གཟིམ་དཔོན་སྐུ་བགྲེས་ གྲུབ་དབང་སློབ་དཔོན་དཀར་མདོག་མཆོག་ དགོངས་པ་ཆོས་ཀྱི་དབྱིངས་ལུ་ ཐིམ་་ཡོདཔ་ཨིན་པས།

དེ་ཡང་ འཁོར་བ་རྟག་པར་འཛིན་པའི་ སྐྱེ་བོ་ཚུ་ལུ་ མི་རྟག་ལས་ཀྱི་ ཆོས་ཉིད་སྟོན་ནིའི་དོན་ལས་ དགོངས་པ་སྐྱེ་མེད་ ཆོས་ཀྱི་དབྱིངས་སུ་ཐིམ་སྟེ་ དག་པའི་གཟུགས་སྐུའི་བཀོད་པ་ ཆོས་དབྱིངས་སྐྱེ་བ་མེད་པའི་ ཁོང་དུ་བསྡུ་བའི་ ཚུལ་བཟང་སྟོན་ཐོག་ལས་ ཐུགས་དམ་ངང་ལུ་བཞུགས་ནུག།

དགུང་ལོ་ ༩༧ བཞེས་མི་ སློབ་དཔོན་ཞིང་ཕེབས་མཆོག་ གནམ་ལོ་ས་སྦྲུལ་ སྤྱི་ལོ་ ༡༩༢༩ ལོར་ སྤུ་ན་ཁ་ སྟོདཔ་ཕན་བདེ་ཁ་ལུ་ སྐུ་འཁྲུངས་ཡོདཔ་ད་ དགུང་ལོ་ ༡༢ ལས་ སྤུངས་ཐང་བདེ་བ་ཆེན་མོའི་ཕོ་བྲང་ནང་ གཞུང་གྲྭ་ཚང་གི་ ཆོས་གྲལ་ལུ་བཞུགས་ཏེ་ ལོ་ངོ་ ༡༣ གྱི་རིང་ལུ་ གར་ཐིག་དབྱངས་གསུམ་གྱི་ ཕྱག་ལེན་དང་ རིག་གཞུང་ཚུ་ལུ་ ཐོས་བསམ་མཛད་ཡོདཔ་མ་ཚད་ རྒྱ་བོད་འབྲུག་ ༣ གྱི་ མཁས་ཤིང་གྲུབ་པ་བརྙེས་པའི་ སྐྱེས་ཆེན་དམ་པ་ མང་རབས་ཅིག་བསྟེན་ཏེ་ དམ་པའི་ཆོས་ཀྱི་བདུད་རྩིའི་རོ་མཆོག་ གསན་བསམ་མཛད་ཡོདཔ་ཨིན་པས།

དགུང་ལོ་ ༢༥ ལུ་ ཤར་བདེ་ཆེན་ཆོས་གླིང་དགོན་པར་བྱོན་ཏེ་ གྲུབ་དབང་དབང་བསྟན་འཛིན་རྒྱ་མཚོ་མཆོག་ལས་ དཔལ་ལྡན་འབྲུག་པའི་ བཀའ་བརྒྱུད་ཀྱི་ ཆོས་ཀྱི་གཞུང་ལུགས་ལྟར་དུ་ སྔོན་འགྲོ་ཉམས་ལེན་ལས་ འགོ་བཟུང་སྟེ་ རྣལ་འབྱོར་གྱི་ཡང་རྩེ་ ཟབ་ལམ་ནཱ་རོ་ཆོས་དྲུག་ཚུན་གྱི་ དབང་ལུང་ཁྲིད་གསུམ་དང་ གདམས་ངག་ཡོངས་རྫོགས་ བུམ་པ་གང་བྱོའི་ཚུལ་དུ་ ཐུགས་སུ་ཆུད་པར་མཛད་ནུག།

དེ་ལས་ ལོ་གསུམ་ཕྱོགས་གསུམ་གྱི་ སྐུ་མཚམས་ནང་ ལན་ཐེངས་ ༣ འབདཝ་ད་ ལོ་ངོ་ ༩ གི་རིང་ལུ་ སྒོམ་སྒྲུབ་ཀྱི་ ཉམས་ལེན་ལུ་ བཞུགས་ཡོདཔ་མ་ཚད་ དགུང་ལོ་ ༣༥ ལུ་ཡང་ སྤུངས་ཐང་ཡངས་དགོན་སྒྲུབ་སྡེར་བྱོན་ཏེ་ ཡང་ཡང་ཟབ་མོའི་སྒྲུབ་པ་ ལོ་གསུམ་གྱི་རིང་ལུ་ གནང་ཡོདཔ་ཨིན་པས།

དགུང་ལོ་ ༣༧ སྤྱི་ལོ་ ༡༩༦༦ ལོར་ གཞུང་གྲྭ་ཚང་གི་ བཀའ་རྒྱ་ལྟར་དུ་ རྟ་མགོ་རྫོང་ཁའི་ སྒྲུབ་སྡེའི་སྒྲུབ་དཔོན་སྦེ་ ལོ་ངོ་ ༢༠ གི་རིང་ སྐལ་ལྡན་གྱི་ སློབ་མ་ཚུ་ལུ་ ཟབ་མོ་ཆོས་འཁོར་བསྐོར་གནང་སྟེ་བཞུགས་ནུག།

དགུང་ལོ་ ༥༧ ལུ་ དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བཀའ་ཤོག་གནང་མི་དང་འཁྲིལ་ཏེ་ སྤུངས་ཐང་བདེ་བ་ཆེན་མོའི་ཕོ་བྲང་ནང་ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ དཔལ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་ སྐུ་གདུང་དམ་པའི་ མ་ཆེན་གཟིམ་དཔོན་གྱི་ གོ་གནས་བཞེས་ཏེ་ ལོ་ངོ་ ༢ ཀྱི་རིང་ལུ་ དད་གུས་ཆེན་པོའི་སྒོ་ལས་ ཞབས་ཏོག་ཞུ་ཡོདཔ་ཨིན་པས།

དགུང་ལོ་ ༥༩ སྤྱི་ལོ་ ༡༩༨༨ ལོར་ མ་ཆེན་གཟིམ་དཔོན་ལས་ དགོངས་ཞུ་མཛད་དེ་ མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་ ཕན་བདེ་དང་ རྩ་བའི་བླ་མ་མཆོག་གི་ ཐུགས་དགོངས་ཡོངས་སུ་རྫོགས་ཐབས་ལུ་ བྱ་བྲལ་ཚེ་མཚམས་ལུ་ བཞུགས་གནང་ནུག།

དུས་དེ་ལས་ཚུར་ ཐིམ་ཕུ་ཧོང་མཚོ་དགོན་པ་ ལྷ་རྫོང་བཀྲ་ཤིས་སྒང་གི་ དབེན་གནས་ཆེན་པོར་ སྒྲུབ་དཔོན་གྱི་ འགན་ཁུར་སྤྱི་བོར་བླངས་ཏེ་ སྐུ་ཚེ་གང་པོ་དེ་ སྒོམ་སྒྲུབ་ཀྱི་ ཉམས་ལེན་ལུ་ རྩེ་གཅིག་ཏུ་བཞུགས་ཡོདཔ་སྦེ་ གཞུང་གྲྭ་ཚང་གི་ གདོང་དེབ་ནང་ བཀོད་འདུག་པའི་གནས་ཚུལ།

Please follow and like us: