རྒྱ་པཱན་གཞུང་གི་ ཕྱི་འབྲེལ་བློན་པོ་ མི་རྗེ་བློན་ཆེན་གྱི་ སྐུ་མདུན་ལུ་བཅར་ཡོདཔ།

སྤྱི་ཟླ་ ༡༡ པའི་ཚེས་ ༢༢ ལུ་ ཕྱི་རོ་ཁམས་ཅིག་ཁར་ རྒྱ་པཱན་གཞུང་གི་ ཕྱི་འབྲེལ་བློན་པོ་ ཏ་ཀེ་ཨི་ ཤུན་སུ་ཀེ་གིས་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གི་ སྐུ་མདུན་ལུ་ བཅར་ཡོདཔ་ཨིན་པས།

དེ་བསྒང་ ཕྱི་འབྲེལ་བློན་པོ་གིས་ ཁོང་གི་བློན་ཆེན་བགྲེསཔ་ ཤིན་ཟོ་ཨེ་བེ་ བཤགས་པའི་སྐབས་ལུ་ འབྲུག་གིས་ འབྱམས་བརྩེའི་སྒོ་ལས་ སྨོན་འདེབས་ཚུ་ གནང་མི་ལུ་ ཧིང་ལས་ར་ བཀྲིན་ཆེ་ལུགས་དང་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་དམ་གཟབ་ཡོད་མི་དེ་ རྒྱལ་ཁབ་ ༢ ཀྱི་ མི་སེར་ཚུ་གི་བར་ན་ གུས་ཞབས་དང་ བློ་གཏད་ ཡིད་ཆེས་ཡོད་ནི་དེ་གིས་ཨིན་ཟེར་ཞུ་ནུག།

མི་རྗེ་བློནཆེན་མཆོག་གིས་ ད་རེས་ ལག་ལེན་ཐོག་ལུ་ཡོད་མི་ གཞི་སྒྱུར་གྱི་ བྱ་སྒོ་དང་ སྤྱི་ཚོགས་ཀྱི་ རྒྱལ་ཡོངས་ཚོགས་འདུ་ དེ་ལས་ འབྲུག་རྒྱལ་ཁབ་འདི་ གོང་འཕེལ་ཆུང་ཀུའི་ གནས་ཚད་ལས་ ཡར་སེང་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་ གནས་ཚད་ཡར་སེང་དང་བསྟུན་ཏེ་ འབྲུག་དང་ རྒྱ་པཱན་ ༢ ཀྱི་ མཐུན་ལམ་དེ་ཡང་ བསྐྱར་བཀོད་འབད་དགོཔ་ཡོད་ཟེར་གསུངས་ནུག།

ཕྱི་འབྲེལ་བློན་པོ་གིས་ རྒྱ་པཱན་གྱི་ ཁ་ཐུག་ལས་ འབྲུག་ལུ་ གྲོགས་རམ་ཚུ་ འཕྲོ་མཐུད་དེ་ར་འབད་ནི་དང་ རྒྱལ་ཁབ་ ༢ ཀྱི་ མཐུན་ལམ་དེ་ཡང་ སྔར་བ་ལྷགཔ་སྦེ་ བཙན་ཏོག་ཏོ་ བཟོ་ནི་གི་ རེ་བ་ཡོད་པའི་སྐོར་ལས་ ཞུ་ཡོདཔ་ཨིན་པས།

སྤྱི་ལོ་ ༡༩༨༦ ལུ་ རྒྱལ་ཁབ་ ༢ ཀྱི་བར་ན་ དོན་གཅོད་ཀྱི་མཐུན་ལམ་ གཞི་བཙུགས་གནང་པའི་ཤུལ་ལུ་ རྒྱ་པཱན་ལས་ བློན་པོའི་གནས་རིམ་ཁར་ གཟིགས་སྐོར་ལུ་ བྱོན་མི་དེ་ ཐེངས་ ༢ པ་ཨིན་པའི་གནས་ཚུལ།

Please follow and like us: