སྤྱི་ལོ་ ༢༠༢༢ ཀྱི་ འཛམ་གླིང་ཕུཊ་བཱོལ་ རྩེད་འགྲན་ནང་ལས་ ཨར་ཇེན་ཊི་ན་གིས་ རྒྱལ་ཁ་ཐོབ་ཡོདཔ།

རོའི་ཊརཛ།
སྤྱི་ལོ་ ༢༠༢༢ ཀྱི་ འཛམ་གླིང་ཕུཊ་བཱོལ་གྱི་ མཐའ་དཔྱད་རྩེད་འགྲན་ནང་ལས་ ཨར་ཇེན་ཊི་ན་གིས་ རྒྱལ་ཁ་ཐོབ་པའི་ དགའ་ཚོར་ལུ་ རྒྱལ་ཁབ་དེ་ནང་གི་ ཡིག་ཚང་དང་ སློབ་གྲྭ་ཚུ་ གཞུང་འབྲེལ་ངལ་གསོ་སྦེ་ བཞག་ཐོག་ལས་ དགའ་སྟོན་བརྩི་སྲུང་འབད་ནུག།
དེ་ཡང་ ཨར་ཇེན་ཊི་ན་གིས་ མི་ལོ་ ༣༦ གི་རྒྱབ་ལས་ འཛམ་གླིང་ཕུཊ་བཱོལ་རྒྱལ་རྟགས་ཀྱི་ རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་ནི་དེ་གིས་ཨིནམ་ད་ ཨར་ཇེན་ཊི་ན་དང་ ཕ་རཱནཛ་རྒྱལ་ཁབ་ ༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་ ༩༠ གི་ ནང་འཁོད་ལུ་ གཱོལ་ ༣ རེ་ འདྲན་འདྲ་བཙུགས་ཡོདཔ་ཨིན་པས།
དེ་ལས་ རྒྱལ་ཕམ་ཕྱེ་ནིའི་དོན་ལུ་ དུས་ཐེབས་སྐར་མ་ ༡༥ རེ་ རྩེད་འགྲན་འབད་བའི་སྐབས་ལུ་ཡང་ སྡེ་ཚན་གཉིས་ཆ་ར་གིས་ གཱོལ་རེ་འདྲན་འདྲ་བཙུགས་ཏེ་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ལས་ པེ་ནཱལ་ཊི་རྐྱབ་ད་ ཕ་རཱནཛ་གིས་ གཱོལ་ ༢ དང་ ཨར་ཇེན་ཊི་ན་གིས་ གཱོལ་ ༤ བཙུགས་ཏེ་ རྒྱལ་ཁ་ཐོབ་ནུག།
སྤྱི་ཟླ་ ༡༢ པའི་ཚེས་ ༡༨ ལུ་ ནུབ་མོའི་ཆུ་ཚོད་ ༩ ལས་ ཀ་ཊར་ལུ་སྦེ་ འགོ་འདྲེན་འཐབ་མི་ མཐའ་དཔྱད་རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་མི་ ཨར་ཇེན་ཊི་ནའི་ རྩེད་འགྲན་པ་རེ་ལུ་ གསེར་གྱི་རྟགས་མ་རེ་དང་ ཨང་ ༢ པ་ཐོན་མི་ ཕ་རཱནཛ་གི་ རྩེད་འགྲན་པ་རེ་ལུ་ དངུལ་གྱི་རྟགས་མ་རེ་ བྱིན་ཡོདཔ་མ་ཚད་ ཕ་རཱནཛ་སྡེ་ཚན་ནང་ ཕུཊ་བཱོལ་རྩེ་མི་ མབ་པི་གིས་ གཱོལ་མཐོ་ཤོས་ བཙུགས་པ་ལུ་བརྟེན་ཏེ་ གཱོལ་ཌེན་བྷུཊ་ཟེར་མི་ རྟགས་མ་ཐོབ་ཡོདཔ་ཨིན་པས།
འཛམ་གླིང་ཕུཊ༌བཱོལ་རྒྱལ་རྟགས་ཀྱི་ དྲག་ཤོས་ཨང་ ༣ པ་ བཏོན་ནིའི་དོན་ལས་ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ མོ་རོ་ཀོའི་ སྡེ་ཚན་དང་ ཀོ་རོ་ཤི་ཡ་ སྡེ་ཚན་ ༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཀོ་རོ་ཤི་ཡ་གིས་ གཱོལ་ ༢ བཙུགས་ཏེ་ ཨང་ ༣ པ་ཐོན་ནུག།
དེ་བཟུམ་སྦེ་ བཱོལ་བཟུང་མི་ དྲག་ཤོས་དང་ གཱོལ་ཌན་གཱོལ་ དེ་ལས་ རྩེད་འགྲན་དེ་ནང་ བཅའ་མར་གཏོགས་མི་ ལོ་ན་ཆུང་ཤོས་ལུ་ཡང་ འཛམ་གླིང་ཕུཊ༌བཱོལ་ཚོགས་པའི་ ཁ་ཐུག་ལས་ ངོས་འཛིན་གྱི་ རྟགས་མ་ཚུ་ཡང་ བྱིན་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: