གསོ༌བའི༌ལྷན༌ཁག༌གིས༌ ཐིམ་ཕུ་ཁྲོམ་སྡེའི་ནང་ གསོ་བའི་ཞབས་ཏོག་ལྟེ་བ་ ༣ སྒོ་འབྱེད།

སྤྱི་ཟླ་ ༤ པའི་ཚེས་ ༡༣ ལུ་ གསོ་བའི་བློན་པོ་ དྲགོས་བདེ་ཆེན་དབང་མོ་གིས་ ཐིམ་ཕུ་ཁྲོམ་སྡེའི་ནང་ གསོ་བའི་ལྟེ་བ་ ༣ སྒོ་འབྱེད་མཛད་ཡོདཔ་ད་ དེ་ཡང་སྦས་སྦིས་ནང་དང་ སེམས་རྟོགས་ཁ་ སྡེབ་སྲིད་ཚུ་ནང་ཨིན་པས།
དེ༌བསྒང༌ སྒོ་འབྱེད་རྟེན་འབྲེལ་བརྩི་སར་ ཨེ་ཤི་ཡ་ གོང་ཕེལ་དངུལ་ཁང་ ཡིག་ཚང་གི་ མདོ་ཆེན་དང་ ཐིམ་ཕུ་ཁྲོམ་སྡེ་དང་ གསོ་བའི་ལྷན་ཁག་ དེ་ལས་ འབྲེལ་ཡོད་ལས་སྡེ་ཁག་གི་ བཀོད་ཁྱབ་འགོ་དཔོན་ཚུ་གིས་ཡང༌ གྲལ་གཏོགས་འབད་ནུག།
གསོ་བའི་ལྟེ་བ་དེ་ཚུའི་ནང་ སྤྱིར་བཏང་སྨན་བཅོས་ཀྱི༌ དྲུང་འཚོ་རེ་དང་ གསོ་བའི་ལས་རོགསཔ༌ ༢ རེ་ བཞག༌ནི༌ཨིན༌པའི༌གུ༌ གློག་དཔར་དང་ ཁོང་དཔྱད་ ཁ་དང་ མིག་ཏོ་ བཟའ་ཚང་འཕྲོད་བསྟེན་ དེ་ལས་ གཤག་བཅོས་ཆུང་ཀུ་ལ་སོགས་པའི་ གསོ་བའི་ཞབས་ཏོག་ཚུ་ཡང༌ བྱིན་ནི་ཨིན་པས།
དེ༌འབདཝ༌ལས༌ ཐིམ་ཕུར་སྡོད་མི་ཚུ་ལུ་ མཁོ་གལ་ཆེ་བའི་ གསོ་བའི་གཞི་རིམ་ཞབས་ཏོག་ཚུ་ འཐོབ་ཚུགས་པའི་ཁར་ ནང་ཁོང་བརྟག་དཔྱད་ (ཨེན་ཌོཛ་ཀོ་པི་) ཀྱི་ ཞབས་ཏོག་ཚུ་ཡང༌ སྦས་སྦིས་ནང༌ གསོ་བའི་ལྟེ་བ་ལས་ འཐོབ་ཚུགས་ནི་ཨིན་པས།
གསོ་བའི་བློན་པོ་གིས་ གསོ་བའི་ལྟེ་བ་ཚུ་ གཞི༌བཙུགས་འབད༌ནི་དེ་ གསོ་བའི་ལྷན་ཁག་གི་ གཙོ་རིམ་དང་པ་ཨིན་ལུགས་དང་ གསོ་བའི་ལྟེ་བ་ཚུ་གིས་ ང་བཅས་རའི་ ཁྲོམ་སྡེ་ཚུ་ནང༌ཡོད༌མི་ མི་སེར་ག༌ར༌ལུ་ གསོ་བའི་ཞབས་ཏོག་གི་ གོ་སྐབས་སྤྲོད་ནི་ལུ་ བྱ་སྟབས་བདེ་ཏོག་ཏོ་ བཟོཝ་ཨིན་ཟེར་གསུངས་ནུག།
དེ༌བཟུམ༌མའི༌ གསོ་བའི་ལྟེ་བ་ཚུ་ གཞི༌བཙུགས་ཀྱི༌དོན༌ལས་ ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་གིས༌ དུས་ཚོད་ཁར་ རྒྱབ་སྐྱོར་འབད་མི་ལུ་ བཀའ་དྲིན་དགའ༌ཚོར༌ཡོད༌ལུགས༌ཚུ༌ཡང་ གསུངས་ཡོད་པའི་གནས་ཚུལ།

Please follow and like us: