ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ ཨ་ནེམོ་དམ་ཆོས་ལུ་ ལོ་ངོ་ ༩ གི་བཙོན་ཁྲིམས།

ཐིམ་ཕུ་ལུ་ སྟོན་པ་རྡོར་གདན་མའི་ སྐུ་འདྲ་གསར་བཞེངས་ཀྱི་ ལས་འགུལ་འཛིན་སྐྱོང་པ་སྦེ་ ལཱ་འབད་མི་ ཨ་ནེམོ་དམ་ཆོས་ཆོས་སྒྲོན་ལུ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་ལས་ ཉེས་པ་མེད་པའི་ འཁྲུན་ཆོན་བཏོན་མི་དེ་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ བསྒྱུར་བཅོས་ཧྲིལ་བུར་མཛད་དེ་ ཨ་ནེམོ་དམ་ཆོས་ལུ་ ལོ་ངོ་ ༩ གི་ བཙོན་ཁྲིམས་བཀལ་གནང་ནུག།
སྤྱི་ཟླ་ ༥ པའི་ཚེས་ ༡༧ ལུ་ ཆེ་མཐོ་ཁྲིམས་འདུན་ལས་ བཏོན་གནང་མི་ འཁྲུན་ཆོད་ལྟར་དུ་འབད་བ་ཅིན་ ཨ་ནེམོ་དམ་ཆོས་ཀྱིས་ སྟོན་པ་རྡོར་གདན་མའི་ ལས་འགུལ་གྱི་ མ་དངུལ་ལོག་སྤྱོད་འབད་བའི་ ཉེས་དམིགས་དང་ སྒྲུབ་བྱེད་བཏོན་མ་ཚུགས་མི་ མ་དངུལ་ཚུ་ འཆང་སྤྱོད་འབད་ནི་དེ་གིས་ ལོ་ངོ་ ༩ གི་ བཙོན་ཁྲིམས་བཀལ་ཡི་ཟེར་ཨིན་པས།
དེ་ཡང་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ཉེས་འཛུགས་འབད་མི་ཚུ་ ངོས་ལེན་མེད་པའི་ འཁྲུན་ཆོད་བཏོན་པའི་ཤུལ་ལས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནུག།
ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ལྟར་དུ་འབད་བ་ཅིན་ སྟོན་པ་རྡོར་གདན་མ་ གསར་བཞེངས་ཀྱི་དོན་ལས་ འཁོར་ལམ་བསལ་ནི་དང་ གློག་མེ་བཙུགས་ནི་ དེ་ལས་ ཆུའི་མཐུན་རྐྱེན་ཚུ་ འབྲུག་གཞུང་གི་ ཁ་ཐུག་ལས་ རྒྱབ་སྐྱོར་མཛད་ཡོདཔ་མ་ཚད་ ལས་འགུལ་འདི་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་འབད་མི་ ཕྱི་མི་ཚུ་ ལས་འགུལ་ལྟ་རྟོག་འབད་བར་ འོང་པའི་སྐབས་ལུ་ཡང་ གཞུང་ལས་ ཁྲལ་ཡངས་ཆག་ཚུ་ཡང་ གནང་ནུག་ཟེར་ཨིན་པས།
མ་གཞི་ སྟོན་པ་རྡོར་གདན་མའི་ སྐུ་འདྲ་བཞེངས་ནི་འདི་ བླམ་ཚེ་རིང་དབང་འདུས་ཀྱིས་ འགོ་འདྲེན་འཐབ་ཡོད་རུང་ གཞུང་གི་ལས་འགུལ་ཅིག་འབདཝ་ལས་ ལས་འགུལ་འདི་ནང་ ཁས་བླངས་ཐོག་ལས་ འཛིན་སྐྱོང་པ་སྦེ་ ལཱ་འབད་མི་ ཨ་ནེམོ་དམ་ཆོས་ཀྱིས་ ས་དང་ ཁྱིམ་ སྣུམ་འཁོར་ ཚོང་ལཱ་ལ་སོགས་པ་ཚུ་ སྒྲུབ་བྱེད་དང་བཅསཔ་སྦེ་ ཁུངས་བཀལ་ནི་ མེད་པ་ལུ་བརྟེན་ཏེ་ ལོ་ངོ་ ༡ གི་ བཙོན་ཁྲིམས་བཀལ་གནང་ནུག།
དེ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཨ་ནེམོ་དམ་ཆོས་ལས་ རྒྱུ་དངོས་ཚུ་ འཕྱོག་བཟུང་འབད་དེ་ མི་མང་ལུ་ གོང་ཚད་འགྲན་བསྡུར་ཐོག་ལས་བཙོང་མི་ ཏི་རུ་དེ་ཡང་ སྟོན་པ་རྡོར་གདན་མའི་ ལས་འགུལ་གྱི་ རྩིས་ཁྲའི་ནང་ བཙུགས་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཨ་ནེམོ་དམ་ཆོས་ཀྱིས་ སྟོན་པ་རྡོར་གདན་མའི་ ལས་འགུལ་གྱི་ མ་དངུལ་ཐོག་ལས་ དངུལ་ཀྲམ་ས་ཡ་ ༥༧ ལྷགཔ་ཅིག་ ལོག་སྤྱོད་འབད་བའི་ ཉེས་པ་ལུ་བརྟེན་ཏེ་ ལོ་ངོ་ ༨ ཀྱི་ བཙོན་ཁྲིམས་བཀལ་ཡོདཔ་མ་ཚད་ མ་དངུལ་དེ་ཡང་ ལོ་ ༡ གི་ ནང་འཁོད་ལུ་ ལས་འགུལ་གྱི་ རྩིས་ཁྲའི་ནང་ ལོག་བཙུགས་དགོ་པའི་ བཀའ་རྒྱ་གནང་ནུག།
དེ་མ་ཚད་ ད་ལྟོའི་བར་ན་ཡང་ ལཱ་མཇུག་བསྡུ་མ་ཚུགས་པར་ཡོད་མི་ཚུ་ ད་ལས་ཕར་ གཞུང་གྲྭ་ཚང་དང་ གཞུང་གི་ཁ་ཐུག་ལས་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་དགོ་པའི་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་ ༡ པའི་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ཨ་ནེམོ་དམ་ཆོས་ཀྱིས་ རྒྱུ་དངོས་ཚུ་ ཚུལ་མིན་ཐོག་ལས་ ལོག་སྤྱོད་འབད་བའི་ སྒྲུབ་བྱེད་ཚུ་ གསལ་རིལ་རིལ་སྦེ་མེད་པའི་ གནད་ལུ་བརྟེན་ཏེ་ རྫོང་ཁག་ཁྲིམས་འདུན་གྱིས་ ཉེས་གྲོལ་གནང་ནུག།
དེ་མ་ཚད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འཕྱོག་བཟུང་འབད་མི་ རྒྱུ་དངོས་ཚུ་ཡང་ འཁྲུན་ཆོད་བཏོན་པའི་ ཉིན་གྲངས་ ༡༡ གི་ ནང་འཁོད་ལུ་ ལོག་སྤྲོད་དགོ་པའི་ཁར་ སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༧ པ་ལས་ སྤྱི་ལོ་ ༢༠༢༣ ལུ་ འཁྲུན་ཆོད་གནང་པའི་ཉིན་མ་ཚུན་ རྩོད་ཟླ་ཨ་ནེམོ་ནམ་ཆོས་ཀྱིས་ ཁྲིམས་འགལ་འབད་ཡོདཔ་སྦེ་ ཁ་ཉེས་བཀལ་མི་ལུ་ དངུལ་ཀྲམ་ས་ཡ་ ༡.༥ དེ་ཅིག་ རྒུད་འཐུས་སྤྲོད་དགོ་པའི་ བཀའ་རྒྱ་ཡང་ གནང་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: