གནད་དོན་གལ་ཅན་མེད་པར་ འགྲོ་འགྲུལ་འབད་ནི་ལས་ འཛེམ་དགོཔ་དང་ དྲནམ་སྟོན་དགོཔ་གལ་ཅན།

ད་རེས་ནངས་པར་ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་ཨིནམ་ལས་ རྒྱལ་ཁབ་ཀྱི་ ས་གནས་ཁག་སོ་སོར་ ས་རུད་དང་ ཆུ་རུད་ལུ་བརྟེན་ཏེ་ འཁོར་ལམ་ཚུ་ལུ་ གནོད་སྐྱོན་བྱུང་པའི་ནང་ལས་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༡༣ ལུ་ ཕུན་ཚོགས་གླིང་ དྲུང་ཁག་ནང་ ཆུ་རུད་ཀྱིས་ མི་སེར་གྱི་ རྒྱུ་དངོས་ཚུ་ལུ་ གནོད་སྐྱོན་སྦོམ་སྦེ་ར་བྱུང་ནུག།
ས་གནས་གཞུང་སྐྱོང་དང་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱིས་ གསལ་བསྒྲགས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱལ་ཡོངས་ཆུ་དཔྱད་དང་ གནམ་གཤིས་རིག་པའི་ལྟེ་བ་ལས་ ད་རེས་ རྒྱལ་ཁབ་ནང་ ཆརཔ་མ་ཆད་པར་ རྐྱབ་ནི་ཨིན་པའི་ སྔོན་བཤད་འབད་མི་ལུ་ ཚ་གྱང་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ ལྷན་ཁག་དང་ ལས་ཁུངས་ རྫོང་ཁག་བདག་སྐྱོང་ཚུ་ལུ་ རང་སོའི་ཆ་འོག་གི་ ལས་བྱེདཔ་དང་ མི་སེར་ཚུ་ག་ར་ རིགཔ་བསྒྱིམས་ཏེ་ སྡོད་དགོ་པའི་ བརྡ་ལན་འབད་དགོ་པའི་ཁར་ རང་སོའི་འོག་ལུ་ཡོད་མི་ བརྡ་བརྒྱུད་ཚུ་གི་ནང་ཡང་ གཤམ་འཁོད་ལམ་སྟོན་ཚུ་ གསལ་བསྒྲགས་འབད་དགོཔ་སྦེ་ཡང་བཀོད་ནུག།
དེ་ཡང་ གཙང་ཆུ་དང་ རོང་ཆུ་ཚུ་གི་ སྦོ་ལོགས་ཁར་ འགྱོ་ནི་ལས་ འཛེམ་དགོཔ་དང་ ཧེ་མར་ ཆུ་རུད་ཐོན་མི་ རང་སྡོད་སའི་ ས་ཁོངས་ཚུ་གི་ནང་ཡང་ རིགཔ་བསྒྱིམ་སྟེ་ སྡོད་དགོ་པའི་ གསལ་བསྒྲགས་འབདཝ་ཨིན་པས།
དེ་མ་ཚད་ ཆུ་རུད་ཚུ་ ཧང་སྟོང་མར་ འཐོན་སྲིད་ནི་ཨིནམ་ལས་ རོང་ཆུ་དང་ གཙང་ཆུའི་མཐའ་མར་ འགྱོ་ནི་ལས་ཡང་ འཛེམ་དགོཔ་ད་ སློབ་གྲྭའི་བདག་སྐྱོང་དང་ ཕམ་ཚུ་གིས་ འཕྲལ་འཕྲལ་སྦེ་ར་ རང་གི་ཨ་ལོ་ཚུ་ བདག་འཛིན་འཐབ་དགོཔ་དེ་ཡང་ གལ་ཆེ་ཟེར་བཀོད་ནུག།
དེ་ལས་ གནད་དོན་གལ་ཅན་མེད་པ་ཅིན་ འགྲོ་འགྲུལ་འབད་ནི་ལས་ཡང་ འཛེམ་དགོཔ་ད་ ག་དེམ་ཅིག་སྦེ་ འགྱོ་དགོཔ་སྦེ་ར་ འཐོན་པ་ཅིན་ ས་རུད་ཆད་ནི་དང་ རྡོ་ཚུ་འབུད་འོང་ནི་གི་ ཉེན་ཁ་ཡོདཔ་ལས་ དྲན་པ་སྟོན་དགོཔ་ཟེར་ཨིན་པས།
དེ་གི་ནང་ལས་ཡང་ འབྲུག་མི་ག་ར་གིས་ བརྡ་བརྒྱུད་ཚུ་ནང་ གལ་ཆེ་བའི་ ཁྱབ་བསྒྲགས་འབད་མི་ཚུ་ལུ་ ཉན་དགོ་པའི་ཁར་ དབང་འཛིན་ཚུ་དང་ མཉམ་འབྲེལ་ཐོག་ལས་ ཉེན་སྐྱོབ་ཀྱི་ལཱ་དང་ མི་སྡེ་དང་ ས་གནས་ཁག་གི་ནང་ཡང་ གལ་གནད་ཆེ་བའི་ བརྡ་དོན་ཚུ་ གང་དྲག་སྤེལ་ཏེ་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་དགོ་པའི་ དྲན་བསྐུལ་ཚུ་འབདཝ་ཨིན་པའི་གནས་ཚུལ།

Please follow and like us: