
ཨེ་བི་སི།
མཐའ་ཡས་ལེན་ལུ་ བློན་ཆེན་གྱི་ གོ་གནས་འཆང་མི་ ངོས་འཛིན་འབད་ནི་ལུ་ དཀའ་ངལ་ཐོན་ཏེ་ཡོད་པའི་བར་ན་ བློན་ཆེན་བགྲེསཔ་ ཐག་སིན་ཤི་ན་ཝ་ཏ་ར་དེ་ ཁོ་རང་གིས་ བྲོས་ཟུར་ཐོག་ལུ་ སྡོད་ས་ལས་ ལོག་འོང་ནི་ལུ་ གྲ་སྒྲིག་འབད་དོ་ཟེར་ ཁོ་རའི་བུམོ་ པེ་ཏོང་ཊཱན་གྱིས་ བཤད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༡༠ ལུ་ ཁོ་རའི་བཙས་སྟོན་ ༧༤ པའི་ཉིན་མར་ ལོག་འོང་དོ་ཟེར་ཨིནམ་ད་ སྲིད་དོན་ནང་ ཁོ་ལུ་འཕུལ་ཤུགས་ཡོད་མི་ ཕིའུ་ཐའེ་སྲིད་ཚོགས་ཀྱིས་ སྤྱི་ཚོགས་ནང་ སྡོད་ཁྲིའི་དོན་ལས་ བརྩོན་ཤུགས་བསྐྱེད་དེ་ བསྐུལ་བསྒྲགས་འབདཝ་ཨིན་པས།
སྤྱི་ཟླ་འདི་གི་ ཟླ་འགོ་ལུ་ མུབ་ཕོར་ཝཱཌ་ སྲིད་ཚོགས་ལས་ བློན་ཆེན་གྱི་ གོ་གནས་དོན་ལུ་ འདེམས་ངོ་བཏོན་ཡོད་རུང་ དྲག་པོའི་སྲིད་གཞུང་གིས་ བསྐོ་བཞག་འབད་དེ་ཡོད་མི་ ཁྲིམས་བཟོ་ཚོགས་ཁང་གིས་ བཀག་ཆ་འབད་ནུག།
ཐག་སིན་གྱིས་ སྤྱི་ལོ་ ༢༠༠༡ ལུ་ བློན་ཆེན་གྱི་ གོ་གནས་འཆང་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༠༥ ལུ་ཡང་ ལོག་སྟེ་ར་ བློན་ཆེན་འབད་ཡོད་རུང་ སྤྱི་ལོ་ ༢༠༠༦ ལུ་ ཐག་སིན་ལུ་ དབང་ཚད་ལོག་སྤྱོད་དང་ ངན་ལྷད་ཀྱི་ ཁ་ཉེས་བཀལ་ཐོག་ལས་ དྲག་པོའི་དམག་སྡེ་གིས་ གཞུང་དབང་བཙན་འཕྲོག་འབད་ནུག།
སྤྱི་ལོ་ ༢༠༠༨ ལུ་ ཁོ་གིས་ གནོད་འགེལ་གྱི་ ཉེས་འཛུགས་ཐོག་ བཙོན་ཁྲིམས་སྨིན་ནི་ལས་ ཟུར་ཐབས་ལུ་ བྱོག་སོང་ཡོདཔ་ད་ གལ་སྲིད་ རྒྱལ་ཁབ་ནང་ ལོག་འོང་པ་ཅིན་ ལོ་ངོ་ ༡༠ ལྷགཔ་ཅིག་གི་ བཙོན་ཁྲིམས་འབག་དགོ་ནི་ཨིན་པས།
དེ་ལས་ སྤྱི་ལོ་ ༢༠༡༤ ལུ་ ཁོ་གི་མོ་སྤུན་ ཡིང་ལུག་ཤི་ན་ཝ་ཏ་ར་གིས་ འགོ་ཁྲིད་ཐོག་ལུ་ སྲིད་དོན་ཚོགས་པ་དེ་གིས་ རྒྱལ་ཁ་ཐོབ་ཡོདཔ་བཞིན་དུ་ གཞུང་གཞི་བཙུགས་འབད་ཡོད་རུང་ དེ་ཡང་ དྲག་པོའི་དམག་སྡེ་གིས་ གཞུང་དབང་བཙན་འཕྲོག་འབད་ནུག།
ད་རེས་ ཕིའུ་ཐའེ་སྲིད་དོན་ཚོགས་པ་གིས་ བློན་ཆེན་གྱི་དོན་ལུ་ འདེམས་ངོ་ ༣ གཏོན་ནི་ཨིན་མིའི་གྲས་ཁར་ འདེམས་ངོ་ ༡ ཐག་སིན་གྱི་བུམོ་ པེ་ཏོང་ཊཱན་དེ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1433342
Views Today :
Total views : 5000
Who's Online :