
མཐའ་ཡས་ལེན་ རྒྱལ་ཁབ་དང་ གཉམ་འབྲེལ་ཐོག་ལས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ གསོན་གནས་མཁལ་རྡོག་སྤོ་བཙུགས་ཀྱི་ ཞབས་ཏོག་འགོ་བཙུགས་མི་དེ་ འབྲུག་དང་ མཐའ་ཡས་ལེན་ རྒྱལ་བརྒྱུད་རྒྱལ་ཁབ་ ༢ ཀྱི་བར་ན་ མཉམ་འབྲེལ་དམ་ཟབ་ཡོད་པའི་ འབྱུང་རབས་ཅན་གྱི་ གྲུབ་འབྲས་ཅིག་ཨིན་པས།
མཁལ་རྡོག་སྤོ་བཙུགས་ཞབས་ཏོག་དེ་ སྤྱི་ཟླ་ ༩ པའི་ཚེས་ ༡༨ ལུ་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་སྦེ་ གཞི་བཙུགས་འབད་བའི་ འགོ་འབྱེད་རྟེན་འབྲེལ་ནང་ མི་རྗེ་བློན་ཆེན་གྱིས་གཙོ་སཔའི་ གསོ་བའི་བློན་པོ་དང་ གེ་སར་རྒྱལ་པོ་གཙུག་ལག་སློབ་སྡེ་ དེ་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ རྒྱལ་ཡོངས་ནང་པའི་སྨན་ཁང་གི་ འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ནུག།
ཞབས་ཏོག་དེ་ལུ་ རྒྱབ་སྐྱོར་གྱི་དོན་ལས་ བེང་ཀོག་ར་ཇ་བི་ཐི་ སྨན་ཁང་གི་ མཁས་མཆོག་སྡེ་ཚན་ཅིག་ རྒྱལ་ཁབ་ནང་ འོང་ཡོདཔ་བཞིན་དུ་ མཁལ་རྡོག་སྤོ་བཙུགས་ཀྱི་ ཞབས་ཏོག་དང་པ་དེ་ སྐྱེས་ལོ་ ༣༤ འབད་མི་ ཨམ་སྲུ་ཅིག་ལུ་ མོ་རའི་ནུམོ་ སྐྱེས་ལོ་ ༢༦ འབད་མི་ལས་ བཙུགས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་ ༩ པའི་ཚེས་ ༡༩ ལུ་ སྐྱེས་ལོ་ ༢༦ འབད་མི་ ཨམ་སྲུ་ཅིག་ལུ་ཡང་ སྐྱེས་ལོ་ ༤༠ འབད་མི་ མོ་རའི་ཕོ་རྒནམ་ལས་ མཁལ་རྡོག་སྤོ་བཙུགས་འབད་ཡོདཔ་ད་ དེ་བཟུམ་མའི་ མཁལ་རྡོག་སྤོ་བཙུགས་ཀྱི་ གཤག་བཅོས་ཚུ་ མཐར་འཁྱོལ་ཅན་སྦེ་ བྱུང་ཡོདཔ་མ་ཚད་ ནདཔ་ཚུ་ཡང་ ལེགས་ཤོམ་སྦེ་ དྲག་དོ་ཡོདཔ་ཨིན་པས།
ང་བཅས་རའི་ མཁས་མཆོག་ཚུ་གིས་ ཡིད་ཆེས་བརྟན་ཐབས་ལུ་ འགོ་དང་པ་ མཁལ་རྡོག་སྤོ་བཙུགས་ཀྱི་ གཤག་བཅོས་ཚུ་ནང་ འཕྲོ་མཐུད་དེ་ར་ ར་ཇ་བི་ཐི་ སྨན་ཁང་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ར་ ལག་ལེན་འཐབ་ནི་ཨིན་པས།
ཧེ་མ་འབད་བ་ཅིན་ རྒྱལ་ཁབ་ནང་ མཁལ་རྡོག་སྤོ་བཙུགས་ཀྱི་ ཞབས་ཏོག་མེདཔ་ལས་ མཁལ་རྡོག་གི་ ནད་གཞི་ཡོད་མི་ཚུ་ སྨན་བཅོས་ཀྱི་དོན་ལས་ ཕྱིའི་རྒྱལ་ཁབ་ཚུ་ནང་ བཏང་དོ་ཡོདཔ་ད་ སྤྱི་ལོ་ ༢༠༡༦ ལས་ཚུར་ མི་གྲངས་ ༡༤༧ དེ་ཅིག་ ཕྱིའི་རྒྱལ་ཁབ་ཚུ་ནང་བཏང་ནུག།
དེ་སྦེ་ ཕྱི་རྒྱལ་ལུ་བཏང་མི་ ནདཔ་རེ་རེ་ལུ་ སྨན་བཅོས་ཀྱི་ཟད་འགྲོ་ དངུལ་ཀྲམ་ས་ཡ་ ༡༠ རེ་འབདཝ་ད་ དངུལ་ཀྲམ་བསྡོམས་ ཐེར་འབུམ་ ༡.༥ དེ་ཅིག་ ཟད་འགྲོ་བཏང་ཡོད་པའི་གནས་ཚུལ།





Users Today : 1341
Users Yesterday : 1303
This Month : 67013
This Year : 295854
Total Users : 1007670
Views Today : 3252
Total views : 2929284
Who's Online : 9