ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་ ༡ པའི་ དྲང་དཔོན་ ༢ ལཱ་གཡོག་ནང་ལས་ དགོངས་ཞུ་བཏང་ཡོདཔ།

ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་ ༡ པའི་ དྲང་དཔོན་པདྨ་རིག་འཛིན་དང་ དྲང་དཔོན་ཚེ་རིང་རྡོ་རྗེ་ ༢ ཀྱིས་ ཤེས་རྟོགས་ཀྱི་སྒོ་ལས་ དྲང་ཁྲིམས་ལོག་སྤྱོད་འབད་བའི་ གནད་ལུ་བརྟེན་ཏེ་ དུས་ཅི་ སྤྱི་ཟླ་ ༨ པའི་ནང་ལས་ དགོངས་ཕོག་བཏོན་པའི་ཤུལ་ལུ་ ད་རེས་འབདཝ་ད་ ལཱ་གཡོག་ནང་ལས་ར་ དགོངས་ཞུ་བཏང་ནུག།
དེ་ཡང་ འབྲུག་གི་མངོན་མཐོ་ཁྲིམས་འདུན་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་ལས་ རྩོད་ཟླ་འཕྲིན་ལས་ནོར་བུ་དང་ རྟ་མགྲིན་དཔལ་འབྱོར་ལུ་ ལོ་ངོ་ ༥ རེའི་ བཙོན་ཁྲིམས་བཀལ་མི་ འཁྲུན་ཆོད་དེ་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ ༢ ཀྱིས་ མནོ་ཞིང་བསམ་བཞིན་དུ་ གཡོ་སྒྱུའི་སྒོ་ལས་ ཆ་མེད་བཏང་ནུག་ཟེར་ཨིན་པས།
དེ་བཟུམ་མའི་ དྲང་ཁྲིམས་ལོག་སྤྱོད་ཀྱི་སྐོར་ལས་ ཆེ་མཐོ་ཁྲིམས་འདུན་གྱི་ དམིགས་བསལ་ཁྲིམས་ཁྲི་དང་ མངོན་མཐོ་ཁྲིམས་ཀྱི་འདུན་སའི་ བསྐྱར་ཞིབ་ཚོགས་ཆུང་གིས་ དབྱེ་ཞིབ་འབད་བའི་སྐབས་ལུ་ མངོན་གསལ་བྱུང་ནུག།
མངོན་མཐོ་ཁྲིམས་འདིན་ལས་ གནས་ཚུལ་གསར་བཏོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དྲང་དཔོན་ ༢ ཀྱིས་ ཁྲིམས་འགལ་གྱི་ ལཱ་ངན་འབད་མི་ འཕྲིན་ལས་ནོར་བུ་ལུ་ དོན་ཆེད་སྦེ་ར་ ཉེས་ཁྲིམས་མ་བཀལ་བར་ བཞག་ནུག་ཟེར་ཨིན་པས།
དེ་ལས་ རྟ་མགྲིན་དཔལ་འབྱོར་དང་ ཀུན་ལེགས་ལྷུན་གྲུབ་ འཇིགས་མེད་བསམ་གྲུབ་ཚུ་གིས་ སྨྱོ་རྫས་ཨེཛ་པི་པཱ་ལཱཛ་ཟེར་མི་ སྨན་ཐུམ་ ༤༤ བཀྲམ་སྤེལ་འབད་དང་ འཛིན་བཟུང་འབད་མི་ སྨྱོ་རྫས་ཨེཛ་པི་པཱ་ལཱཛ་ སྨན་ཐུམ་ ༢༥༤ དེ་ལས་ དངུལ་ཀྲམ་ ༢༧,༤༠༠ གི་ དངུལ་ཁང་ལག་ལེན་ཚུ་གི་སྐོར་ལས་ ཉེས་འཛུགས་འབད་ཡོད་རུང་ སྨྱོ་རྫས་ཨེཛ་པི་པཱ་ལཱཛ་ སྨན་ཐུམ་ ༨༨༩ དང་ ཨེན་ཊེན་ཟེར་མི་ སྨན་ཐུམ་ ༢༧༥ དེ་ལས་ ཀེ་ཧང་ཐུམ་སྒྲིལ་ ༧ ནག་ཚོང་འཐབ་ཡོད་པའི་ ཉེས་འཛུགས་ཚུ་ཡང་ འཕྲིན་ལས་ནོར་བུ་ལུ་འཁྲི་བའི་ སྒྲུབ་བྱེད་ཚུ་ལུ་ ཆ་གནས་མ་འབད་བས་ཟེར་བཀོད་ནུག།
དྲང་དཔོན་ ༢ ཀྱིས་ ཁྲིམས་འགལ་ཐོག་ལས་ སྨྱོ་རྫས་ནག་ཚོང་གི་ སྒྲུབ་བྱེད་ཡོད་རུང་ རྩོད་ཟླ་འཕྲིན་ལས་ནོར་བུ་ལུ་ སྨྱོ་རྫས་ཨེཛ་པི་པཱ་ལཱཛ་ བཟའ་སྤྱོད་འབད་ཡོད་པའི་ ཉེས་འཛུགས་རྐྱངམ་གཅིག་ལུ་ བསྒྱུར་བཅོས་འབད་ཡོདཔ་ཨིན་པས།
རྟ་མགྲིན་དཔལ་འབྱོར་གྱི་ རྩོད་བཤེར་དེ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་ལས་ མཐོ་གཏུགས་ཀྱི་ ཧེ་མ་ལས་ར་ ཆ་མེད་བཏང་ཡོདཔ་མ་ཚད་ ཀུན་དགའ་རྒྱལ་མཚན་དང་ ཀུན་ལེགས་ལྷུན་གྲུབ་ཀྱི་ རྩོད་བཤེར་དེ་ མཐོ་གཏུགས་མ་འབད་རུང་ རྩོད་བཤེར་འབད་དེ་ ཉེས་འཛུགས་འབད་འབདཝ་མེད་པའི་ འཇིགས་མེད་བསམ་གྲུབ་ལུ་ཡང་ རྩོད་བཤེར་འབད་ཡོདཔ་སྦེ་བཀོད་ནུག།
དེ་སྦེ་ རྩོད་བཤེར་འབད་མི་དེ་ཡང་ སྨྱོ་རྫས་ཀྱི་ བཅའ་ཁྲིམས་ནང་ སྨྱོ་རྫས་སྨན་ཐུམ་ ༢༠ མན་ཆད་ལུ་ ཉེས་པ་མི་འཁྲི་ཟེར་ བཀོད་དེ་ཡོདཔ་ལས་ དྲང་དཔོན་ ༢ ཀྱིས་ རྫོང་ཁག་ཁྲིམས་འདུན་ལས་ རྟ་མགྲིན་དཔལ་འབྱོར་ལུ་ ཉེས་ཁྲིམས་བཀལ་མི་ བཀའ་རྒྱ་དེ་ བསྒྱུར་བཅོས་བཏང་ཐབས་ལུ་ ལག་ལེན་འཐབ་ནུག་ཟེར་ཨིན་པས།
དྲང་དཔོན་ ༢ ཀྱིས་ དེ་བཟུམ་མའི་ ལཱ་བྱ་དེ་ཡང་ རྩོད་དཔོན་ཡོངས་ཁྱབ་བགྲེསཔ་ ལུང་བསྟན་གྲུབ་འགྱུར་དང་ རྩོད་ཟླ་ ༡ གི་ ཨ་པ་དང་གཅིག་ཁར་ གཅིག་བསྒྲིལ་ཐོག་ལས་ ལག་ལེན་འཐབ་སྟེ་ ཁྱད་ལཱའི་གཞི་རྩ་དང་ དྲང་ཁྲིམས་ཀྱི་ བྱ་བའི་གནད་སྤྱོད་ལུ་ མ་གནས་པའི་ཁར་ དྲང་ཁྲིམས་གཙུག་སྡེ་དང་ རྩ་ཁྲིམས་ཆེན་མོ་ དེ་ལས་ འབྲུག་གི་མི་སེར་ཚུ་ལུ་ ཁས་བླངས་དམ་བཅའ་ ཕུལ་ཡོད་མི་ལུ་ཡང་ མ་གནས་པའི་ གནད་དོན་ཚབས་ཆེན་ཅིག་ཨིན་པས་ཟེར་བཀོད་ནུག།
ད་རེས་ དྲང་དཔོན་ ༢ དགོངས་ཞུ་བཏང་མི་ གྲོས་ཆོད་དེ་ཡང་ བསམ་ཞིབ་དང་ བསྐྱར་ཞིབ་མཐིལ་ཕྱིན་སྦེ་ གྲུབ་པའི་ཤུལ་ལས་ ཞིབ་དཔྱད་ཁ་སྐོང་དང་ ཡང་ཅིན་ རྩོད་བཤེར་གྱི་ གོ་སྐབས་མེད་པ་ལུ་བརྟེན་ཏེ་ མངོན་མཐོ་ཁྲིམས་འདུན་ལས་ འཁྲུན་ཆོད་བཏོན་གནང་ཡོད་པའི་གནས་ཚུལ།

Please follow and like us: