
སྤྱི་ཟླ་ ༩ པའི་ཚེས་ ༢༢ ལུ་ འབྲུག་བལྟ་བཤལ་ལས་ཁུངས་ཀྱིས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འབྲུག་གིས་ རྒྱལ་སྤྱིའི་ས་མཚམས་ སྒོ་ཕྱེ་ཞིནམ་ལས་ཚུར་ ལོ་ངོ་ ༡ གི་ ནང་འཁོད་ལུ་ འབྲུག་རྒྱལ་ཁབ་ནང་ བལྟ་བཤལཔ་ཡོངས་བསྡོམས་ ༨༣,༥༩༩ དེ་ཅིག་ ལྷོད་མི་ལས་ བལྟ་བཤལཔ་ ༥༧,༧༠༧ རྒྱ་གར་ལས་དང་ ལྷག་ལུས་ ༢༥,༨༩༢ པོ་ཚུ་ ཕྱིའི་རྒྱལ་ཁབ་གཞན་ཚུ་ལས་ འོང་ཡི་ཟེར་ཨིན་པས།
དེ་ཡང་ བལྟ་བཤལཔ་ ༡༠,༦༤༤ གིས་ ཡུན་བརྟན་གོང་འཕེལ་གྱི་འཐུས་དེ་ ཧེ་མའི་ཚད་གཞི་ཁར་ སྤྲོད་ཡོདཔ་ད་ བལྟ་བཤལཔ་ ༡༥,༢༤༨ ཀྱིས་ ཚད་གཞི་གསར་པའི་ཐོག་ལུ་ སྤྲོད་ཡོདཔ་སྦེ་བཀོད་ནུག།
དུས་ཅི་ སྤྱི་ཟླ་ ༡ པའི་ཚེས་ ༡ ལས་ ད་ཚུན་གྱི་བར་ན་ བལྟ་བཤལཔ་བསྡོམས་ ༦༢,༧༠༢ འབྲུག་ལུ་ འོང་མི་ཚུ་གི་གྲས་ལས་ བལྟ་བཤལཔ་ ༤༦,༥༥༤ དེ་་ཅིག་ རྒྱ་གར་ལས་ འོང་ཡོདཔ་ད་ དེ་ཡང་ བལྟ་བཤལ་ལས་ཁུངས་ཀྱིས་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡ པ་ལས་ ༡༢ པ་ཚུན་ལུ་ བལྟ་བཤལཔ་ཡོངས་བསྡོམས་ ༩༥,༠༠༠ འོང་ནི་གི་ སྔོན་དཔག་འབད་མི་དང་ རྟགས་མཐུནམ་ཨིན་པས།
དུས་ཡུན་ཟླཝ་ ༡༢ ཀྱི་ ནང་འཁོད་ལུ་ རྒྱ་གར་ལས་མིན་པའི་ བལྟ་བཤལཔ་གཞན་ཚུ་ལས་ འབྲུག་ལུ་ འཛུལ་ཞུགས་ཆོག་ཐམ་གྱི་ གླ་ཡོན་ ༡,༠༣༥,༦༨༠ དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཡུ་ཨེཛ་ཌོ་ལར་ ༡༧,༡༧༩,༩༣༡ བསྡུ་ལེན་འབད་ཡོདཔ་མ་ཚད་ རྒྱ་གར་ལས་འོང་མི་ བལྟ་བཤལ་པ་ཚུ་ལས་ཡང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ དངུལ་ཀྲམ་ ༢༨༩,༨༣༨,༤༧༣ དེ་ཅིག་ བསྡུ་ལེན་འབད་ནུག།
སྤྱི་ལོ་ ༢༠༢༣ ལུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བསྡུ་ལེན་འབད་ནི་དེ་ ཚུལ་དང་ལྡན་ཏོག་ཏོ་ཡོདཔ་ལས་ སྤྱི་ལོ་ ༢༠༡༩ ལུ་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༢༣.༤༢ འབད་མི་ལས་ལྷག་སྟེ་ བསྡུ་ལེན་འབད་ཚུགས་པའི་ བརྡ་མཚོན་སྟོནམ་ཨིན་པས།
འདས་པའི་ཟླཝ་ ༡༢ ཀྱི་ ནང་འཁོད་ལུ་ མི་ཁུངས་དང་འབྲེལ་བའི་ བལྟ་བཤལཔ་འོང་སའི་ རྒྱལ་ཁབ་ ༡༠ ཡོད་མི་དེ་ཡང་ རྒྱ་གར་དང་ ཨ་མི་རི་ཀ་ མ་ལེ་ཤི་ཡ་ བི་རི་ཊེན་ སིངྒ་པོར་ བེཊ་ནཱམ་ རྒྱ་ནག་ ཇར་མ་ནི་ ཨཱཛ་ཊེ་ལི་ཡ་ ཕ་རཱནཛ་ཚུ་ཨིན་པའི་གནས་ཚུལ།





Users Today : 1725
Users Yesterday : 3875
This Month : 81280
This Year : 518273
Total Users : 1230089
Views Today : 3096
Total views : 3283810
Who's Online : 18