པདྨ་དགའ་ཚལ་ འབྲུག་མི་འགྱུར་བདེ་ཆེན་རྫོང་གསར་པའི་ བཀྲ་ཤིས་རབ་གནས།

རང་ཟླ་ ༨ པའི་ཚེས་ ༧ སྤྱི་ཟླ་ ༩ པའི་ཚེས་ ༢༢ ལུ་ པདྨ་དགའ་ཚལ་ འབྲུག་མི་འགྱུར་བདེ་ཆེན་རྫོང་གསརཔ་ལུ་ བཀྲིས་རབ་གནས་གནང་སར་ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ དབུ་བཞུགས་མཛད་གནང་ཡི།
དེ་བསྒང་ བཀྲིས་རབ་གནས་ཀྱི་ གསུང་ཆོག་ཚུ་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ ཀརྨ་རང་གྲོལ་ དབུ་བཞུགས་ཐོག་ལུ་ པདྨ་དགའ་ཚལ་རབ་སྡེའི་ བླ་སློབ་དང་ དགེ་སློང་ཚུ་གིས་གནང་ནུག།
འབྲུག་མི་འགྱུར་བདེ་ཆེན་རྫོང་དེ་ སྤྱི་ལོ་ ༢༠༡༢ སྤྱི་ཟླ་ ༦ པའི་ནང་ལས་ གསར་བཞེངས་འབད་ནི་ འགོ་བཙུགས་པའི་ཤུལ་ལས་ ནད་ཡམས་ཐོན་ཡོད་རུང་ བརྩོན་ཤུགས་ཀྱི་ བསྐུལ་མ་ནན་བསྐྱར་ཐོག་ལས་ གསར་བསྒྲུབས་འབད་ཡོདཔ་ཨིན་པས།
བཀྲིས་རབ་གནས་ཀྱི་ རྟེན་འབྲེལ་སྐབས་ལུ་ ཡ་མཚན་ཆེ་བའི་ རྟགས་མཚན་བཟང་པོར་ མེ་ཏོག་གི་ ཆརཔ་བབས་པའི་ཤུལ་ལས་ རྫོང་གཞིའི་ཐང་དེ་ ཡ་མཚན་ཅན་གྱི་ ཉི་ཟེར་གྱིས་ གང་སྟེ་ཡོད་མིའི་ནང་ རྟེན་འབྲེལ་གྱི་ མཛད་སྒོའི་གསུང་ཆོག་དང་ གླུ་གར་ཁྲ་མོ་ཕུལ་སར་ མི་སེར་རྒན་གཞོན་ ལེ་ཤ་ཅིག་ སྤུངས་འཛོམས་འབད་དེ་ དགའ་བདེའི་ངང་ལས་ མཛད་སྒོའི་རྟེན་འབྲེལ་ནང་ གྲལ་གཏོགས་འབད་ནུག།
རྫོང་གཞི་དེ་ཡང་ པདྨ་དགའ་ཚལ་གྱི་ མི་སེར་ཚུ་གི་ མཐའ་དོན་ལུ་ རྫོང་ཁག་བདག་སྐྱོང་དང་ ཆོས་ཕྱོགས་ཀྱི་དོན་ལས་ ལག་ལེན་འཐབ་ནི་ཨིན་པས།
བཀྲིས་རབ་གནས་ནང་ གྲལ་གཏོགས་མཛད་མི་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ ད་རེས་ ང་བཅས་ཀྱིས་ མཇལ་སར་ཡོད་མི་ རྫོང་གཞི་དེ་ དད་དམ་དང་ བརྩོན་ཤུགས་ ཐུགས་སྨོན་ཚུ་ལུ་བརྟེན་ཏེ་ གྲུབ་ཡོད་པའི་ རྟགས་མཚན་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།
དེ་འབདཝ་ལས་ རྫོང་གཞི་གསར་བཞེངས་དང་ འབྲེལ་བ་ཡོད་པའི་ མི་ངོམ་རེ་རེ་བཞིན་དུ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ གསུངས་པའི་ཁར་ བཀྲིས་རབ་གནས་ཀྱི་ མཛད་སྒོའི་རྟེན་འབྲེལ་ནང་ མི་དབང་རྒྱལ་ཚབ་མཆོག་ བྱོན་གནང་མི་དང་ གཙུག་ལག་སློབ་དཔོན་མཆོག་གི་ ཐུགས་སྨོནཚུ་ལུ་བརྟེན་ཏེ་ པདྨ་དགའ་ཚལ་གྱི་ མི་སེར་ཚུ་ལུ་ ཁེ་ཕན་འབྱུང་པའི་ རེ་བ་དང་ དེ་བཟུམ་སྦེ་ རྒྱལ་ཁབ་ཡོངས་ལུ་ཡང་ ཕན་ཐོགས་འབྱུང་པའི་ རེ་སྨོན་ཡོད་ཟེར་གསུངས་ནུག།
རྟེན་འབྲེལ་དེ་ནང་ པདྨ་དགའ་ཚལ་གྱི་ མི་སེར་ཚུ་གིས་མ་དོ་བར་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ལས་ཡང་ བླམ་གནས་བརྟན་ཚུ་དང་ རྫོང་བདག་ དེ་ལས་ དྲང་དཔོན་ཚུ་དང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ ངོ་ཚབ་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

Please follow and like us: