
རོའི་ཊརཛ།
སྤྱི་ཟླ་ ༡༢ པའི་ཚེས་ ༨ ལུ་ ཡུ་ཨེཛ་དམག་སྡེའི་ འགོ་དཔོན་ཅིག་གིས་འབད་བ་ཅིན་ རྫས་བམ་བ ༧ དེ་ཅིག་ ཨི་རག་གི་རྒྱལ་ས་ བག་དཱཌ་ལུ་ཡོད་མི་ ཡུ་ཨེཛ་ གཞུང་ཚབ་ཡིག་ཚང་གི་ ས་གོ་ནང་ ཆགས་ཅི་ཟེར་ཨིན་པས།
དེ་ཡང་ ཨིཛ་རེལ་དང་ ཧ་མཱཛ་གི་ ཕྱད་མདའི་ནང་ ཡུ་ཨེཛ་གིས་ ཨིཛ་རེལ་གྱི་ རྒྱབ་བཟུང་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ཨི་རག་དང་ སི་རི་ཡ་ལུ་ཡོད་མི་ ཡུ་ཨེཛ་གཞུང་ཚབ་ཡིག་ཚང་ཚུ་ནང་ གནོད་འཚུབ་བཀལ་མི་ ཐོན་ཡོདཔ་མ་ཚད་ ཨེན་ཨཱལ་ཨ་སཱཌ་ གནམ་གྲུའི་ཐང་ལུ་ཡང་ གནོད་འཚུབ་བཀལ་ནུག།
དེ་བཟུམ་མའི་ གནོད་འཚུབ་ཚུ་ ཨི་རཱན་ཕྱོགས་གཏོགས་ཀྱི་ དྲག་ཐོག་དབང་བཙོང་སྡེ་ཚན་ཚུ་གིས་ བཀལ་དོ་ཡོདཔ་ད་ གདན་དོད་དེ་གི་སྐོར་ལས་ ཡུ་ཨེཛ་གི་ སྲུང་སྐྱོབ་དྲུང་ཆེན་གྱིས་ ཨི་རག་གི་ བློན་ཆེན་དང་གཅིག་ཁར་ ཕྱད་པའི་སྐབས་ལུ་ ཨི་རཱན་ཕྱོགས་གཏོགས་ཀྱི་ དྲག་ཐོག་དབང་བཙོང་སྡེ་ཚན་ ཧ་ར་ཀཏ་ ཧེཟ་བོ་ལ་ཨཱལ་ ནུ་ཇ་བ་དང་ ཀ་ཏ་ཡེབ་ ཧེཟ་བོ་ལ་སྡེ་ཚན་གྱི་ མིང་བཏོན་ཏེ་ ཁ་བཏང་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ གནོད་འཚུབ་བཀལ་མི་ སྡེ་ཚན་ཚུ་ལུ་ ཡུ་ཨེཛ་གིས་ རང་དབང་ཐོག་ལས་ ངན་ལན་འཇལ་ནི་ཨིན་པའི་སྐོར་ལས་ཡང་ གསལ་བཤད་འབད་ནུག།
ཨིན་རུང་ གནོད་འཚུབ་དེ་ཚུའི་སྐོར་ལས་ སྡེ་ཚན་ག་གིས་ཡང་ ངོས་ལེན་མ་འབད་བར་ཡོདཔ་ད་ གནོད་འཚུབ་དེ་ནང་ གནོད་སྐྱོན་ག་ནི་ཡང་ མ་བྱུང་ཟེར་ ཡུ་ཨེཛ་གི་ འགོ་དཔོན་ཚུ་གིས་ བཤད་ཡོད་རུང་ ཨི་རག་གཞུང་གི་ བརྡ་བརྒྱུད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཨི་རག་གི་ སྲུང་སྐྱོབ་ལས་སྡེའི་ ཡིག་ཚང་ལྟེ་བ་ལུ་ གནོད་སྐྱོན་བྱུང་ཡི་ཟེར་ཨིན་པས།
ལེ་བ་ནོན་གྱི་ ཧེཟ་བོ་ལ་ སྡེ་ཚན་འགོ་དཔོན་གྱིས་ ཨི་རཱན་ཕྱོགས་གཏོགས་སྡེ་ཚན་ཚུ་གིས་ འཛམ་གླིང་ཤར་དབུས་རྒྱལ་ཁབ་ཚུ་ནང་ དེ་བཟུམ་མའི་ གནོད་འཚུབ་བཀལ་མི་དེ་ཡང་ པེ་ལིཛ་ཊིན་གྱི་ ས་གནས་ག་ཟ་ལུ་ ཨིཛ་རེལ་གྱི་ ཕྱད་མདའ་བཀག་ཐབས་ལུ་ ཨེབ་ཤུགས་ཀྱི་དོན་ལས་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 166
Users Yesterday : 1568
This Month : 3022
This Year : 231863
Total Users : 943679
Views Today : 223
Total views : 2744929
Who's Online : 9