རྒྱ་པཱན་གྱིས་ ཟླ་བའི་ནང་ མི་མེད་འཕྲུལ་སྐར།

ཨེ་བི་སི།
སྤྱི་ཟླ་ ༡ པའི་ཚེས་ ༢༠ ལུ་ རྒྱ་པཱན་གྱིས་ ཟླ་བའི་ནང་ མི་མེད་འཕྲུལ་སྐར་ བཏང་ཡོད་མི་དེ་ མཐར་འཁྱོལ་ཅན་སྦེ་ ཆགས་ཚུགས་ཡོདཔ་ལས་ འཛམ་གླིང་ནང་ འཕྲུལ་སྐར་ཟླཝ་གུ་ཆགས་མི་ རྒྱལ་ཁབ་ ༥ པ་ཨིནམ་ད་ དེ་གི་ཧེ་མར་ ཡུ་ཨེཛ་དང་ སོ་བིཏ་ཡུ་ནི་ཡན་ རྒྱ་ནག་དང་ རྒྱ་གར་རྒྱལ་ཁབ་ཚུ་གིས་ བཏང་ཡོདཔ་ཨིན་པས།
ཨིན་རུང་ མཁའ་དབྱིངས་རིག་པའི་ འགོ་དཔོན་ཚུ་གིས་ འཕྲུལ་སྐར་སི་མཱཊ་ལེན་ཌར་དེ་གིས་ ཟླཝ་བརྟག་དཔྱད་ཀྱི་དོན་ལས་ དམིགས་གཏད་བསྐྱེད་མི་ ས་གོའི་ནང་ ཆགས་ཚུགས་མ་ཚུགས་ གཏན་འཁེལ་གྱི་དོན་ལས་ དུས་ཚོད་འགོར་ནི་ཨིནམ་སྦེ་ གསལ་བཤད་འབད་ནུག།
དེ་མ་ཚད་ འཕྲུལ་སྐར་གྱི་ ཉིན་དྲོད་གློག་མེ་དེ་གིས་ གློག་མེ་བཏོན་མ་ཚུགས་པར་ཡོདཔ་ལས་ ཟླཝ་བརྟག་ཞིབ་ཀྱི་ དུས་ཡུན་ཐུང་ཀུ་སྦེ་ འགྱོ་སྲིད་ནི་ཨིན་པའི་སྐོར་ལས་ཡང་ བཤད་ཡོདཔ་ཨིན་པས།
རྒྱ་པཱན་གྱི་ མཁའ་དབྱིངས་དང་ གནམ་དཔྱད་རིག་པའི་འགོ་འཛིན་ ཧི་ཏོ་ཤི་ཀུ་ནི་ན་ཀ་གིས་ འཕྲུལ་སྐར་དེ་ནང་གི་ ཞིབ་དཔྱད་འཕྲུལ་འཁོར་ཚུ་གིས་ འཆར་གཞི་དང་འཁྲིལ་ཏེ་ར་ གནད་སྡུད་ཚུ་ བསྡུ་ལེན་འབད་དེ་ ཁོང་གི་འཕྲུལ་ཁང་ནང་ བསྐྱལ་ཚུགས་དོ་ཡོདཔ་སྦེ་བཤད་ནུག།
དེ་འབདཝ་ད་ ཁོ་གིས་ཡང་ འཕྲུལ་སྐར་གྱི་ ཉིན་དྲོད་འཕྲུལ་ཆས་ཀྱིས་ གློག་མེ་བཏོན་མ་ཚུགས་པར་ཡོདཔ་ལས་ ཞིབ་དཔྱད་ཀྱི་ དུས་ཡུན་དེ་ ཆུ་ཚོད་དག་པ་ཅིག་མ་གཏོགས་མེད་རུང་ འཕྲུལ་སྐར་དེ་གིས་ གློག་མེའི་ཨམ་མ་ཤི་བའི་ སྔ་གོང་ལུ་ གནད་སྡུད་ག་དེ་མང་མང་ བསྡུ་ནི་ལུ་ གཙོ་བོར་བཏོན་ཚུགསཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: