རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཌ་-༡༩ འགྱུར་བཅོས་ཐོག་ལས་ ཇེ་ཨེན་-༡ ཟེར་མི་ ཐོན་ཡོད་པའི་ངོས་འཛིན།

གསོ་བའི་ལྷན་ཁག་ལས་ མི་མང་ཡོངས་ལུ་ བརྡ་དོན་སྤེལ་མིའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཌ་-༡༩ གི་ རྣམ་པ་ཅིག་ཨིན་མི་ ནད་ཡམས་ཇེ་ཨེན་-༡ ཟེར་མི་ ཐོན་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་ ༡ པའི་ཚེས་ ༡༨ ལུ་ རྒྱལ་འཛིན་ནད་རིགས་བཀག་ཐབས་ལྟེ་བ་གིས་ དུས་རྒྱུན་གྱི་ ནད་ཡམས་ཀོ་ཝིཌ་-༡༩ བརྟག་དཔྱད་འབདཝ་ད་ ནདཡམས་ ཇེ་ཨེན་-༡ ཐོན་ཡོད་པའི་ མངོན་གསལ་བྱུང་ནུག།
སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༢ པའི་ཚེས་ ༡༨ ལུ་ འཛམ་གླིང་གསོ་བའི་ཚོགས་སྡེ་གིས་ ནད་ཡམས་ཇེ་ཨེན་-༡ ཟེར་མི་དེ་ ཤར་ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ ནད་རིགས་མ་འདྲཝ་ཅིག་སྦེ་ ངོས་འཛིན་འབད་བའི་ཤུལ་ལས་ གསོ་བ་ལྷན་ཁག་གིས་ ལྟ་རྟོག་འོག་ལུ་ བཞག་ཡོདཔ་ཨིན་པས།
ནད་ཡམས་དེ་གི་དོན་ལུ་ ན་ཧིང་ སྤྱི་ཟླ་ ༡༢ པ་ལས་ དུས་ཅི་ སྤྱི་ཟླ་ ༡ པ་ཚུན་ དཔེ་ཚད་ ༡༢ བསྡུ་ལེན་འབད་མི་ཚུ་ལུ་ བརྟག་དཔྱད་འབདཝ་ད་ ཐིམ་ཕུ་རྫོང་ཁག་ལས་ ༥ དང་ ཀྲོང་གསར་ལས་ ༣ རྩི་རང་ལས་ ༢ སྤུ་ན་ཁ་ལས་ ༡ བསམ་རྩེ་ལས་ ༡ ངོས་འཛིན་བྱུང་མི་འབྲེལ་ཏེ་ མི་སྡེའི་ནང་ ནད་ཡམས་ཇེ་ཨེན་-༡ ཡོད་པའི་ གཏན་འཁེལ་བྱུང་ནུག།
ནད་ཡམས་དེ་ ང་བཅས་རའི་ མི་སྡེའི་ནང་ ཐོན་ཡོད་མི་ལུ་ དྲན་ཚོར་ཅན་སྦེ་ གནས་ཐབས་ལུ་དང་ རང་སོའི་འགན་ཁུར་ཚུ་ འབག་དགོ་པའི་ བརྡ་བསྐུལ་འབདཝ་ཨིན་རུང་ ཚ་གྱང་ལང་དགོཔ་མེད་ཟེར་ཨིནམ་ད་ དེ་ཡང་ ཡུ་ཨེཛ་དང་ འཛམ་གླིང་གསོབའི་ཚོགས་སྡེའི་ ནད་གཞི་ཚད་འཛིན་དང་ སྔོན་འགོག་ལྟེ་བ་གིས་ འདས་པའི་ཀོ་ཝིཌ་དང་ཕྱདཔ་ད་ ཁྱབ་སྤེལ་མགྱོགས་དྲགས་སྦེ་ འགྱོཝ་ཨིན་རུང་ གནས་སྟངས་ཚབས་ཆེན་མེད་པའི་ སྒྲུབ་བྱེད་ཐོན་ནི་དེ་གིས་ཨིན་པས།
གསོ་བ་ལྷན་ཁག་གིས་ ཀོ་ཝིཌ་-༡༩ དང་འབྲེལ་བའི་ གནས་སྟངས་ཚུ་ལུ་ འཕྲོ་མཐུད་དེ་ར་ ལྟ་རྟོག་འབད་དེ་ གདོང་ལན་གྱི་ ཐབས་ལམ་ཚུ་ཡང་ ཚན་རིག་གི་ འགྱུར་བ་ཚུ་དང་བསྟུན་ཏེ་ བཏོན་ཞིནམ་ལས་ མི་མང་ལུ་ གོ་བརྡ་སྤེལ་ནི་ཨིནམ་མ་ཚད་ འཛམ་གླིང་གསོ་བའི་ཚོགས་སྡེ་དང་གཅིག་ཁར་ཡང་ མཉམ་འབྲེལ་དང་ བརྡ་དོན་བརྗེ་སོར་ཐོག་ལུ་ གནོད་ཉེན་ཚུ་གི་སྐོར་ལས་ བརྟག་དཔྱད་འབད་འོང་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
དེ་མ་ཚད་ དེ་བཟུམ་མའི་ གནས་སྟངས་ནང་ སྨན་ཁབ་དེ་ཡང་ གལ་གནད་ཆེཝ་ལས་ གསོ་བའི་ལྷན་ཁག་གིས་ ནད་ཡམས་ཀོ་ཝིཌ་-༡༩ གི་ སྨན་ཁབ་ཚུ་ ཉེན་ཁ་ཅན་གྱི་ མི་རློབས་ཚུ་གི་དོན་ལས་ རྒྱལ་ཁབ་མཐའ་དབུས་ག་རའི་ནང་ གཙོ་རིམ་བཟུང་ནི་ཨིན་པས།
ད་རེས་ གསོ་བའི་ལྷན་ཁག་གིས་ ནད་ཡམས་དེ་ བཀག་ཐབས་ལུ་ གཙང་སྦྲ་གཏོན་དགོ་པའི་ཁར་ མི་དམངས་འཛོམས་སར་ ཁ་རས་ཚུ་ཡང་ རྐྱབ་དགོཔ་ད་ ག་དེམ་ཅིག་སྦེ་ ན་བ་ཅིན་ རང་སོའི་ཁྱིམ་ནང་ སྡོད་དགོཔ་ཨིན་རུང་ ནད་རྟགས་ཚབས་ཆེན་རེ་ འཐོན་པ་ཅིན་ གསོ་བའི་ཞབས་ཏོག་ཚུ་ ལེན་དགོཔ་སྦེ་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།

Please follow and like us: