
རང་ཟླ་ ༡༢ པའི་ཚེས་ ༡༠ སྤྱི་ཟླ་ ༡ པའི་ཚེས་ ༢༠ ལུ་ གཞུང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ སྤུ་ན་ཁ་རྫོང་ནང་སྦེ་ བླམ་དང་ དབུ་འཛིན་ སྲུང་འཁོརཔ་ འཛིན་སྐྱོང་འགོ་དཔོན་ཚུ་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།
དེ་ཡང་ ཐིམ་ཕུ་ལས་ སྐྱེས་ལོ་ ༤༧ འབད་མི་ སློབ་དཔོན་ངག་དབང་བསོད་ནམས་གྲགས་པ་དེ་ ཆུ་ཁ་རྫོང་ཁག་ ཕུན་ཚོགས་གླིང་ དཔལ་ལྡན་བཀྲིས་ཆོས་གླིང་བཤད་གྲྭའི་ དབུ་འཛིན་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གིས་ སྐྱེས་ལོ་ ༡༣ ལས་ དགེ་འདུན་གྲྭ་ཚང་གི་ སློབ་གྲྭའི་ནང་ འཛུལ་ཞུགས་འབད་བའི་ཤུལ་ལས་ རྟ་མགོ་ནང་པའི་བཤད་གྲྭ་དང་ རྒྱ་གར་ལུ་ཡོད་མི་ བཀྲིས་ལྗོངས་བཤད་གྲྭའི་ནང་ལས་ ཤེས་ཡོན་ཚུ་ མཐར་འཁྱོལ་ཡོདཔ་ཨིན་པས།
ཁོ་གིས་ ད་ལྟོའི་གོ་གནས་འདི་ མ་ཞུ་བའི་ཧེ་མར་ ཐིམ་ཕུ་སྤྱི་གཞི་དགོན་པ་ བསོད་ནམས་དགའ་ཚལ་ སྒྲུབ་སྡེའི་ནང་ ལོ་གསུམ་ཕྱོགས་གསུམ་གྱི་ སྐུ་མཚམས་བཅད་ནུག།
ཧཱ་ལས་ཨིན་མི་ སློབ་དཔོན་ཉིམ་རྡོ་རྗེ་དེ་ ཆུ་ཁ་རྫོང་ཁག་ ཕུན་ཚོགས་གླིང་ ཁྲོམ་སྡེའི་བླམ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ སྐྱེས་ལོ་ ༥༠ འབད་མི་ བླམ་ཉིམ་རྡོ་རྗེ་གིས་ སྐྱེས་ལོ་ ༡༡ ལས་ གྲྭ་ཚང་ནང་ འཛུལ་ཞུགས་འབད་བའི་ཤུལ་ལས་ ལོ་གསུམ་ཕྱོགས་གསུམ་གྱི་ སྐུ་མཚམས་བཅད་ཡོདཔ་མ་ཚད་ སྤ་རོ་སྟག་ཚང་ འོད་གསལ་སྒང་ལུ་ སྒྲུབ་དཔོན་སྦེ་ཡང་ ཕྱག་ཞུ་ཡོདཔ་ཨིན་པས།
བླམ་ཉིམ་རྡོ་རྗེ་གིས་ གོ་གནས་འདི་ མ་ཞུ་བའི་ཧེ་མར་ ཧཱ་དམ་ཐང་ལུ་ རྒྱལ་གཞུང་འབྲུག་གི་དམག་སྡེའི་ སྲུང་འཁོརཔ་སྦེ་ ཕྱག་ཞུ་ནུག།
སྤུ་ན་ཁ་ལས་ སྐྱེས་ལོ་ ༤༥ འབད་མི་ སློབ་དཔོན་རྟ་མགྲིན་སྲི་ཐུབ་དེ་ སྤུ་ན་ཁ་ རྒྱལ་གཞུང་སྐྱིད་པའི་གླིང་ལུ་ འཛིན་སྐྱོང་འགོ་དཔོན་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གིས་ སྐྱེས་ལོ་ ༡༢ ལུ་ དགེ་འདུན་གྲྭ་ཚང་གི་ སློབ་གྲྭའི་ནང་ འཛུལ་ཞུགས་འབད་ཡོདཔ་ཨིན་པས།
དེ་ལས་ རིམ་པ་བཞིན་དུ་སྦེ་ མཁས་དབང་དམ་པ་ཚུ་ལས་ དབང་ལུང་ཁྲིད་ ༣ དང་ མན་ངག་ཚུ་ ཞུ་བའི་ཤུལ་ལས་ ལོ་ངོ་ ༦ གི་རིང་ལུ་ སྐུ་མཚམས་བཅད་ཡོདཔ་ད་ གོ་གནས་འདི་ མ་ཞུ་བའི་ཧེ་མར་ སྤུ་ན་ཁ་རྫོང་ནང་ དྲུང་ཆེན་ཅིག་སྦེ་ ཕྱག་ཞུ་ནུག།
སྤུ་ན་ཁ་ལས་ སྐྱེས་ལོ་ ༤༢ འབད་མི་ བླམ་དཀར་མདོག་དེ་ སྤུ་ན་ཁ་ལུ་ ཚོགས་ཆེན་བླམ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གིས་ སྐྱེས་ལོ་ ༧ ལུ་ དགེ་སློང་ནང་ འཛུལ་ཞུགས་ཐོག་ལས་ ཐིམ་ཕུ་རྟ་མགོ་ནང་པའི་བཤད་གྲྭ་ལས་ ཤེས་ཡོན་ཚུ་ མཐར་འཁྱོལ་ཡོདཔ་ཨིན་པས།
དེ་ལས་ ལོ་ངོ་ ༦ གི་རིང་ལུ་ སྤུ་ན་ཁ་ སྤང་དཀར་པོ་སྒྲུབ་སྡེའི་ནང་ སྐུ་མཚམས་བཅད་ཡོདཔ་ད་ ཁོ་གིས་ གོ་གནས་འདི་ མ་ཞུ་བའི་ཧེ་མར་ སྤུ་ན་ཁ་ ཕོ་ཆུ་ལྡུམ་ར་སློབ་གྲྭའི་ནང་ སློབ་དཔོན་སྦེ་ ཕྱག་ཞུ་ནུག།
ད་རུང་ སྤུ་ན་ཁ་ལས་ སྐྱེས་ལོ་ ༤༠ འབད་མི་ སློབ་དཔོན་བདེ་ཆེན་དེ་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་ལུ་ རྒྱལ་གཞུང་འབྲུག་གི་དམག་སྡེའི་ སྲུང་འཁོརཔ་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས།
ཁོ་གིས་ དགེ་སློང་ནང་ སྐྱེས་ལོ་ ༧ ལས་ འཛུལ་ཞུགས་འབད་དེ་ རྟ་མགོ་ནང་པའི་བཤད་གྲྭ་ལས་ ཤེས་ཡོན་ཚུ་ མཐར་འཁྱོལ་ཡོདཔ་མ་ཚད་ སྤུ་ན་ཁ་ སྤང་དཀར་པོ་སྒྲུབ་སྡེའི་ནང་ ལོ་གསུམ་ཕྱོགས་གསུམ་གྱི་ སྐུ་མཚམས་ཡང་བཅད་ནུག།
སློབ་དཔོན་བདེ་ཆེན་གྱིས་ གོ་གནས་འདི་ མ་ཞུ་བའི་ཧེ་མར་ སྤུ་ན་ཁ་ལུ་ བྲག་དཀར་པོ་དགོན་པའི་བླམ་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།





Users Today : 3206
Users Yesterday : 3814
This Month : 136623
This Year : 432589
Total Users : 1144405
Views Today : 3942
Total views : 3153587
Who's Online : 9