
སྤྱི་ཟླ་ ༡ པའི་ཚེས་ ༡༩ དང་ ༢༠ ལུ་ ཡུ་གན་ཌའི་རྒྱལ་ས་ ཀམ་པ་ལ་ལུ་འཚོགས་མི་ ཕྱོགས་རིས་མེད་པའི་ རྒྱལ་ཚོགས་ཀྱི་ ཞལ་འཛོམས་ནང་ འབྲུག་གི་འཐུས་མི་སྡེ་ཚན་ འགོ་ཁྲིད་འབད་དེ་ ཕྱི་འབྲེལ་དྲུང་ཆེན་ པདྨ་ཆོས་སྒྲོན་ སོང་ཡོདཔ་ད་ མོ་དང་གཅིག་ཁར་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་ལས་ ཆེ་མཐོའི་འགོ་དཔོན་ཚུ་ཡོདཔ་ཨིན་པས།
ཚོགས་ཐེངས་ ༡༩ པ་ཨིན་མི་ ཞལ་འཛོམས་དེ་ རྒྱལ་སྤྱིའི་ལོངས་སྤྱོད་ བགོ་བཤའི་དོན་ལུ་ མཉམ་འབྲེལ་གཏིང་ཟབ་ བཟོ་ནི་ཟེར་བའི་ བརྗོད་དོན་ཐོག་ལུ་ འཚོགས་གནང་ནུག།
ཕྱོགས་རིས་མེད་པའི་ རྒྱལ་ཁབ་ཚོགས་པ་དེ་ རྒྱལ་སྤྱིའི་གནས་ཚད་ཁར་ སྤྱི་ལོ་ ༡༩༦༡ ལུ་ གཞི་བཙུགས་འབད་ཡོདཔ་ད་ རྒྱལ་ཚོགས་དེ་གིས་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ ༡༢༠ གི་ མཐའ་དོན་དང་ གཙོ་རིམ་ཚུ་གི་ ངོ་ཚབ་འབདཝ་ཨིན་པས།
རྒྱལ་ཚོགས་དེ་གི་ ཁྲི་འཛིན་དེ་ ལོ་ངོ་ ༣ དང་ ༤ རེའི་བར་ན་ སྐོར་རྒྱབ་ཐོག་ལུ་འབད་དོ་ཡོདཔ་ད་ ད་རེས་ ཞལ་འཛོམས་ཐེངས་ ༡༩ པའི་སྐབས་ལུ་ ཁྲི་འཛིན་གྱི་ འགན་ཁུར་དེ་ ཨ་ཛར་བ་ཡེ་ཇཱན་ལས་ ཡུ་གན་ཌ་གིས་ རྩིས་ལེན་ནུག།
དེ་བཟུམ་སྦེ་ སྡེ་ཚན་ ༧༧ ཟེར་མི་ རྒྱལ་ཁབ་ཚོགས་པའི་ ཁྲི་འཛིན་གྱི་ འགན་ཁུར་དེ་ཡང་ རྒྱ་ནག་ལས་ ཡུ་གན་ཌ་གིས་ རྩིས་ལེན་ཏེ་ སྤྱི་ཟླ་ ༡ པའི་ཚེས་ ༢༡ དང་ ༢༢ ལུ་ ལྷོ་ཕྱོགས་ཞལ་འཛོམས་ཐེངས་ ༣ པ་དེ་ ག་ཡང་རྟིང་ཤུལ་བདའ་སྟེ་ མི་བཞག་ཟེར་བའི་ བརྗོད་དོན་ཐོག་ལུ་ འཚོགས་ནི་ཨིན་པས།
ལྷོ་ཕྱོགས་ཞལ་འཛོམས་དེ་ སྡེ་ཚན་ ༧༧ གྱི་ མངོན་མཐོའི་གྲོས་ཆོད་འདུས་ཚོགས་སྦེ་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ ༡༣༤ མཉམ་སྡོམས་ཀྱི་ འདུས་ཚོགས་ཅིག་ཨིནམ་ད་ འདུས་ཚོགས་དེ་གིས་ འཛམ་གླིང་སྤྱི་ཚོགས་ནང་ འཐུས་མི་རྒྱལ་ཁབ་ཚུ་གི་ དཔལ་འབྱོར་ཚུ་ གོང་འཕེལ་གཏང་ཐབས་ལུ་ སྤྱི་ལོ་ ༡༩༦༤ ལོར་ གཞི་བཙུགས་འབད་ནུག།
ཕྱོགས་རིས་མེད་པའི་ རྒྱལ་ཁབ་ཚུ་དང་ སྡེ་ཚན་ ༧༧ ཚུ་ འབྲུག་རྒྱལ་ཁབ་བཟུམ་མའི་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ཆུང་ཀུ་ཚུ་གི་དོན་ལས་ རྒྱལ་སྤྱི་མཉམ་འབྲེལ་གྱི་དོན་ལུ་ གལ་ཅན་ཅིག་ཨིན་པས།
འབྲུག་རྒྱལ་ཁབ་འདི་ སྤྱི་ལོ་ ༡༩༧༣ ལུ་ ཕྱོགས་རིས་མེད་པའི་ རྒྱལ་ཚོགས་ནང་ འཐུས་མི་སྦེ་ འཛུལ་ཞུགས་མཛད་ཡོདཔ་ད་ སྤྱི་ལོ་ ༡༩༧༡ ལུ་ སྡེ་ཚན་ ༧༧ པའི་ནང་ འཛུལ་ཞུགས་མཛད་ཡོད་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1398348
Views Today :
Total views : 5000
Who's Online :