རྒྱལ་སྲུང་གི་ གཞི་རྟེན་མཁོ་ཆས་ཀྱི་དོན་ལུ་ རྒྱ་འབྲུག་ ༢ ཀྱི་བར་ན་ རྒྱ་གར་གྱི་ རུ་པི་ཐེར་འབུམ་ ༡༥ སྐྱིན་འགྲུལ་གྱི་ གོ་དོན་ཆིངས་ཡིག།

གནས་སྐབས་གཞུང་གི་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་གྲོས་དཔོན་ དྲག་ཤོས་ཚེ་དབང་རིག་འཛིན་དང་ འབྲུག་བཞུགས་རྒྱ་གར་གཞུང་ཚབ་ སུ་དྷ་ཀར་ ད་ལེ་ལ་ ༢ ཀྱིས་ རྒྱ་གར་གྱི་ རུ་པི་ཐེར་འབུམ་ ༡༥ སྐྱིན་འགྲུལ་བྱིན་ནི་གི་ གོ་དོན་ཆིངས་ཡིག་ཅིག་ལུ་ མཚན་རྟགས་བཀོད་ཡོདཔ་ད་ མ་དངུལ་དེ་ རྒྱལ་སྲུང་གི་ གཞི་རྟེན་མཁོ་ཆས་ལས་འགུལ་གྱི་དོན་ལས་ ལག་ལེན་འཐབ་ནི་ཨིན་པས།
དེ་ཡང་ འབྲུག་གཞུང་གིས་ ཞུ་བ་འབདཝ་བཞིན་དུ་ རྒྱ་གར་གཞུང་ལས་ རྒྱལ་སྲུང་གི་ གཞི་རྟེན་མཁོ་ཆས་ གོང་འཕེལ་གྱི་དོན་ལས་ སྤྱི་ལོ་ ༢༠༢༣ ལུ་ རུ་པི་ཐེར་འབུམ་ ༢ གནང་སྦྱིན་སྦེ་ བྱིན་ཡོད་མིའི་གུ་ ད་རེས་ སྐྱིན་འགྲུལ་གྱི་ རྒྱབ་སྐྱོར་བྱིན་ནི་སྦེ་ གྲོས་ཐག་བཅད་ནུག།
སྤྱི་ལོ་ ༢༠༡༩ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ གསལ་བསྒྲགས་གནང་མི་ རྒྱལ་སྲུང་ལས་འགུལ་དེ་ རྒྱལ་ཁམས་ཀྱི་ མ་འོངས་པ་བཙན་ཐབས་ལུ་ གལ་གནད་ཆེ་བའི་ གསར་བཏོད་ལས་དོན་ཅིག་སྦེ་ བཟོ་སྒྲིག་འབད་ཡོདཔ་ད་ དེ་ཡང་ འབྲུག་གི་ན་གཞོན་ཚུ་ ལེགས་བཅོས་ཀྱི་དོན་ལུ་ཨིན་པས།
ལས་འགུལ་དེ་གིས་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ ལོ་ངོ་ ༡ གི་རིང་ལུ་ ཀུན་ཚང་སྦྱོང་བརྡར་ལས་རིམ་ འགོ་འདྲེན་འཐབ་ནི་ཨིན་མིའི་ནང་ ཟླ་ངོ་ ༣ གྱི་ གཞི་རྟེན་དམག་སྦྱོང་དང་ ཟླ་ངོ་ ༨ ཀྱི་རིང་ལུ་ བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་དང་ བཟོ་བསྐྲུན་ སོ་ནམ་ མི་སྡེའི་ཉེན་སྲུང་ཚུ་བཟུམ་མའི་ རིག་རྩལ་གོང་འཕེལ་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
སྦྱོང་བརྡར་དེ་ མཇུག་བསྡུ་བའི་ཤུལ་ལུ་ ན་གཞོན་ཚུ་གིས་ དགོས་མཁོ་དང་བསྟུན་ཏེ་ རང་སོའི་མི་སྡེ་ཚུ་ནང་ ཁེ་ཕན་ཡོད་པའི་ ལཱ་ཚུ་འབད་ནི་དང་ ལོ་བསྟར་བཞིན་དུ་ རྒྱལ་སྲུང་སྦྱོང་བརྡར་ནང་ གྲལ་གཏོགས་འབད་མི་ ༡༣,༠༠༠ དེ་རེ་ འཐོན་ནི་ཨིནམ་ད་ སྡེ་ཚན་དང་པའི་ སྦྱོང་བརྡར་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༩ པའི་ནང་ འགོ་བཙུགས་ནི་ཨིན་པས།
རྒྱལ་སྲུང་གི་ གཞི་རྟེན་མཁོ་ཆས་ གོང་འཕེལ་གྱི་དོན་ལུ་ སྐྱིན་འགྲུལ་འདི་ གཞུང་ ༢ ཀྱི་བར་ན་ཡོད་མི་ སྒྲིག་བཀོད་ཀྱི་ ཕྱི་ཁར་ཨིནམ་ད་ སྐྱིན་འགྲུལ་དེ་གིས་ རྒྱ་འབྲུག་ ༢ ཀྱི་བར་ན་ སྔར་བ་ལྷག་པའི་ མཉམ་འབྲེལ་དམ་ཟབ་ཀྱི་ བརྡ་མཚོན་སྟོནམ་ཨིན་པས།
ད་རེས་ གལ་གནད་ཆེ་བའི་ རྒྱལ་ཁམས་ཀྱི་ བརྩོན་ཤུགས་ལུ་ གཡོ་བ་མེད་པའི་ རྒྱབ་སྐྱོར་བྱིན་མི་ལུ་ འབྲུག་གཞུང་གི་ཁ་ཐུག་ལས་ རྒྱ་གཞུང་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་དང་ མ་དངུལ་འདི་གིས་ འབྲུག་གི་ན་གཞོན་ཚུ་གི་དོན་ལུ་ གཞི་འགྱམ་སྒྲིང་སྒྲིང་བཙུགས་ཐོག་ལས་ ན་གཞོན་ཚུ་གིས་ རྒྱལ་ཁམས་གོང་འཕེལ་གྱི་ བྱ་སྒོའི་ནང་ ལེགས་ཤོམ་སྦེ་ གྲལ་གཏོགས་འབད་ནི་ཨིན་པའི་གནས་ཚུལ།

Please follow and like us: