
རོའི་ཊརཛ།
སྤྱི་ཟླ་ ༡ པའི་ཚེས་ ༢༤ ལུ་ བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ ལྷོ་ཀོ་རི་ཡ་དང་གཅིག་ཁར་ གཅིག་སྒྲིལ་གྱི་ དྲན་རྟེན་གཙོ་བོ་ཅིག་ མེདཔ་བཏང་ཡོདཔ་ད་ དེ་ཡང་ བྱང་ཀོ་རི་ཡའི་ སྲིད་འཛིན་གྱིས་འབད་བ་ཅིན་ ལྷོ་ཀོ་རི་ཡ་དེ་ ཁོང་གི་བྱང་ཕྱད་གཙོ་བོ་ཅིག་ཨིནམ་ལས་ གཅིག་སྒྲིལ་གྱི་གོ་སྐབས་མེད་ཟེར་ཨིན་པས།
དེ་ཡང་ འཕྲུལ་སྐར་གྱི་ དཔར་རིས་ནང་བལྟཝ་ད་ སྤྱི་ལོ་ ༢༠༠༠ ལོར་ ཀོ་རི་ཡ་ནང་གསེས་ཀྱི་ དབུ་ཁྲིད་ཞལ་འཛོམས་སྐབས་ལུ་ བཟོ་བསྐྲུན་མཇུག་བསྡུ་མི་ རིང་ཚད་མི་ཊར་ ༣༠ འབད་མི་ གཞུ་དབྱིབས་ཅན་གྱི་ དྲན་རྟེན་དེ་ མེདཔ་བཏང་ནུག།
སྤྱི་ཟླ་ ༡ པའི་ཚེས་ ༡༥ ལུ་ འཚོགས་ཡོད་མི་ མངོན་མཐོའི་མི་སེར་གྱི་ ཚོགས་འཛོམས་ནང་ ཀིམ་གྱིས་ རྩ་ཁྲིམས་ཆེན་མོའི་ནང་ ལྷོ་ཀོ་རི་ཡ་དེ་ ཁོང་གི་བྱང་ཕྱད་གཙོ་བོ་ཨིན་ཟེར་ འཕྲི་སྣོན་འབད་དགོ་པའི་ བཀའ་རྒྱ་ཡང་ གནང་ཡོདཔ་ཨིན་པས།
བྱང་ཀོ་རི་ཡ་གིས་ མཚོན་ཆ་བརྟག་དཔྱད་ ལག་ལེན་འཐབ་མི་ལུ་བརྟེན་ཏེ་ ལྷོ་ཀོ་རི་ཡ་དང་ ཡུ་ཨེཛ་གིས་ དྲག་པོའི་དམག་སྦྱོང་ཚུ་ ལག་ལེན་འཐབ་དོ་ཡོདཔ་ལས་ ཀོ་རི་ཡའི་ རྒྱལ་ཁབ་ ༢ ཀྱི་བར་ན་ མ་མཐུན་པའི་ གནས་སྟངས་དེ་ ཚབས་ཆེནསྦེ་ར་ཐོན་ནུག།
སྤྱི་ལོ་ ༢༠༢༢ ལས་ ལྷོ་ཀོ་རི་ཡའི་ དབུ་ཁྲིད་ཀྱི་ ཕྱག་འགན་བཞེས་མི་ སྲིད་འཛིན་ཡུན་སུག་ཡེ་ཨོལ་གིས་ཡང་ བྱང་ཀོ་རི་ཡ་གིས་ དྲག་ཐོག་ལན་ལེན་ཚུ་ལུ་ གདོང་ལེན་ཚུ་ སྒྲིང་སྒྲིང་སྦེ་ར་འབད་དགོ་པའི་ བཀོད་རྒྱ་གནང་ཡོདཔ་ཨིན་པས།
བྱང་ཀོ་རི་ཡའི་ ཁ་ཐུག་ལས་ ལྷོ་ཀོ་རི་དང་ ཡུ་ཨེཛ་གི་ དམག་མི་ཚུ་གིས་ ཁོང་ལུ་ གནོད་འཚུབ་བཀལ་བ་ཅིན་ ལྷོ་ཀོ་རི་ཡདེ་ རྩ་མེད་གཏང་ནི་གི་ ཁས་བླངས་འབད་ཡོདཔ་ད་ ན་ཧིང་གི་ལོ་ལས་ རྒྱལ་ཁབ་ ༢ ཀྱི་བར་ན་ཡོད་མི་ སྤྱི་ལོ་ ༢༠༡༨ ཀྱི་ ཆིངས་ཡིག་གཙོ་བོ་ཅིག་ཡང་ ཆ་མེད་བཏང་ནུག།
འདས་པའི་བདུན་ཕྲག་ནང་ བྱང་ཀོ་རི་ཡའི་ ཚོགས་འཛོམས་སྐབས་ལུ་ ཀིམ་གྱི་གསུང་བཤད་ནང་གསལ་ ལྷོ་ཀོ་རི་ཡ་དང་ འབྲེལ་བ་འཐབ་མི་ ལས་སྡེ་ཡོངས་རྫོགས་ ཆ་མེད་བཏང་དགོཔ་སྦེ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 1634
Users Yesterday : 3983
This Month : 139034
This Year : 435000
Total Users : 1146816
Views Today : 2003
Total views : 3156556
Who's Online : 16