
རོའི་ཊརཛ།
སྤྱི་ཟླ་ ༣ པའི་ཚེས་ ༧ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ མཁས་མཆོག་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་གྱིས་ ཧ་མཱཛ་དང་གཅིག་ཁར་ དམག་འཁྲུག་ལང་མིའི་ནང་ ས་གནས་ག་ཟའི་ བཟའ་འཐུང་རིམ་ལུགས་ཚུ་ མེདཔ་གཏང་ཐབས་འབདཝ་མས་ཟེར་ཨིནམ་ད་ དེ་ཡང་ འགྲོ་བ་མིའི་ཐོབ་དབང་གི་ འདུས་ཚོགས་ཚུ་གིས་ བརྩོན་ཤུགས་ལྡང་ཚད་མེད་པ་ལུ་བརྟེན་ཏེ་ཨིན་པའི་ ཁ་ཉེས་བཀལ་ནུག།
བཟའ་འཐུང་ཐོབ་དབང་གི་སྐོར་ལས་ དམིགས་བསལ་གྱི་ སྙན་ཞུ་འབད་མི་ མའི་ཀེལ་ཕག་རི་གིས་འབད་བ་ཅིན་ ས་གནས་ག་ཟ་ལུ་ བཟའ་འཐུང་མེད་པའི་ དཀའ་ངལ་དེ་ བཟོད་མ་ཚུགས་པའི་ གཞི་ཅིག་ལུ་ གྱུར་ཏེ་ཡོད་རུང་ ག་ནི་ཡང་ འབད་ཐབས་མིན་འདུག་ཟེར་ཨིན་པས།
ཕག་རི་གིས་ ཨིཛ་རེལ་གྱིས་ ག་ཟ་ལུ་ཡོད་མི་ ཉ་བཟུང་སྟེ་ འཚོ་བ་སྐྱོང་མི་ཚུ་གིས་གཙོས་པའི་ པེ་ལིཛ་ཊིན་གྱི་ མི་སེར་ཚུ་ལུ་ བཀྲེས་སྐོམ་གྱི་ སྡུག་སྦྱོང་བཏང་ནི་ འགོ་བཙུགས་ཏེ་ཡོདཔ་མ་ཚད་ ཨི་ཇིབ་དང་ ཨི་རག་ལུ་ཡང་ བཟའ་འཐུང་གི་ དཀའ་ངལ་ཐོན་ཏེ་ཡོདཔ་ལས་ རྒྱལ་ཁབ་དག་པ་ཅིག་གིས་ར་ ཁ་བཏང་མས་ཟེར་བཀོད་ནུག།
ཨིན་རུང་ འཛམ་གླིང་སྤྱི་ཚོགས་ནང་ ཨིཛ་རེལ་གྱི་ ཁྲིམས་དོན་གྲོས་དཔོན་ ཨམ་ཡི་ལ་སི་ཊིན་གྱིས་འབད་བ་ཅིན་ དེ་སྦེ་ བཤད་མི་ཚུ་གར་ ཤོབ་ཨིན་ཟེར་ བཤད་པའི་ཁར་ འཛམ་གླིང་སྤྱི་ཚོགས་ཀྱི་ སྲུང་སྐྱོབ་ཚོགས་སྡེའི་ནང་ཡང་ ཨིཛ་རེལ་གྱིས་ བཀྲེས་སྐོམ་གྱི་ སྡུག་སྦྱོང་དེ་ དམག་འཁྲུག་གི་ ལག་ཆ་སྦེ་ ལག་ལེན་འཐབ་ནི་མེདཔ་སྦེ་ བཤད་པའི་ཤུལ་ལུ་ ཚོགས་ཁང་ནང་ལས་ ཐོན་ཡར་སོངཔ་ཨིན་པས།
དམག་འཁྲུག་དེ་ ན་ཧིང་ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ ཧཱ་མཱཛ་གིས་ ཨིཛ་རེལ་གྱི་ མི་སེར་ ༡༢༠༠ དེ་ཅིག་ དམར་བསད་དང་ ༢༥༣ བཙན་བཟུང་འབདཝ་ལས་ ལང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 1054
Users Yesterday : 2073
This Month : 3127
This Year : 183030
Total Users : 894846
Views Today : 1481
Total views : 2628305
Who's Online : 7