ལྷོ་ཨཱཕ་རི་ཀའི་ སྣུམ་འཁོར་སྐྱེལ་འདྲེན་བཱཛ་་ཅིག་ལུ་ ཐུག་རྐྱེན་བྱུང་མིའི་ནང་ ལམ་འགྲུལཔ་ ༤༥ ལུ་ཤི་རྐྱེན།

བི་བི་སི།
སྤྱི་ཟླ་ ༣ པའི་ཚེས་ ༢༨ ལུ་ ལྷོ་ཨཱཕ་རི་ཀ་ལུ་ སྣུམ་འཁོར་སྐྱེལ་འདྲེན་བཱཛ་ཅིག་ ཟམ་གུ་ལས་ བུད་འགྱོ་མི་ རྐྱེན་ངན་ནང་ སྐྱེས་ལོ་ ༨ འབད་མི་ བུམོ་ཅིག་མ་གཏོགས་ ལམ་འགྲུལཔ་གཞན་ ༤༥ པོ་ག་ར་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
དེ་ཡང་ ལྷོ་ཨཱཕ་རི་ཀའི་མངའ་སྡེ་ ལིམ་པོ་པོ་ཟེར་མིའི་ བྱང་ཤར་ཁ་ཐུག་ལུ་ སྐྱེལ་འདྲེན་བཱཛ་དེ་གིས་ བཀག་ར་བརྡལ་ཏེ་ ཟམ་གུ་ལས་ཕར་ འགྱོ་བའི་སྐབས་ལུ་ ཟམ་གུ་ལས་བུད་དེ་ མེ་འབར་ནུག།
སྐྱེལ་འདྲེན་བཱཛ་དེ་ནང་ མངའ་སྡེ་བོཊཛ་ཝ་ནའི་ ས་གནས་གོ་བོ་རོན་ལས་ མོ་རི་ཡའི་ཁྲོམ་ཁར་ ཡེ་ཤུའི་དུས་སྟོན་ ཨིཛ་ཊར་བརྩི་སྲུང་གི་དོན་ལས་ འགྱོ་མི་ཚུ་ཡོདཔ་ད་ སྲོག་སྐྱབས་འབད་མི་ཚུ་གིས་ ཕུངམོ་འཚོལ་ཞིབ་ཀྱི་ ལཱ་ཚུ་འབད་ཡོད་རུང་ རག་རོ་ཚུ་གིས་ གང་སྟེ་ཡོདཔ་ལས་ ཕུངམོ་ལ་ལོ་ཅིག་ འཚོལ་མ་ཐོབ་ཨིན་པས།
སྐྱེལ་འདྲེན་བློན་པོ་ ཨམ་སིན་དི་སི་ཝེ་ ཅི་ཀུང་ག་དེ་ ཐུག་རྐྱེན་བྱུང་སར་སོང་སྟེ་ རྐྱེན་ངན་བྱུང་མིའི་ བཟའ་ཚང་ཚུ་ལུ་ སེམས་གསོ་ཡོད་ལུགས་དང་ ཤི་རྐྱེན་བྱུང་མིའི་ཕུངམོ་ཚུ་ གཞུང་གི་ཁ་ཐུག་ལས་ རང་སོའི་ས་ཁོངས་ནང་ བསྐྱལ་ནི་ཨིནམ་སྦེ་བཤད་ནུག།
སྐྱེལ་འདྲེན་བློན་པོ་གིས་ ད་རེས་ དེ་བཟུམ་མའི་ དཀའ་ངལ་ཅན་གྱི་ དུས་སྐབས་ནང་ ཤི་རྐྱེན་བྱུང་མི་ཚུ་ལུ་ སེམས་ཀྱི་གདིང་ལས་ར་ སྨོན་ལམ་ཚུ་ཡོད་པའི་ཁར་ ཁོང་གི་ཁ་ཐུག་ལས་ དུས་ཨ་རྟག་དང་ དམིགས་བསལ་ལུ་ ད་རེས་ ཡི་ཤུའི་ཨིཛ་ཊར་གྱི་ དུས་སྟོན་དང་འཁྲིལ་ཏེ་ ཕན་ཚུན་འགྲོ་འགྲུལ་འབད་མི་ མང་སུ་ཡོདཔ་ལས་ སྣུམ་འཁོར་བདའ་མི་ཚུ་གིས་ དྲནམ་འཐེབ་སྟོན་ཏེ་ འགན་ཁུར་འབག་དགོཔ་དེ་ གལ་ཆེ་ཟེར་ཨིན་པས།
ལྷོ་ཨཱཕ་རི་ཀ་ལུ་ འཁོར་ལམ་གྱི་ ཉེན་སྲུང་དེ་ ཚད་དང་ལྡན་ཏོག་ཏོ་མེདཔ་ལས་ སྲིད་འཛིན་སི་རིལ་ ར་མ་ཕོ་ས་གིས་ཡང་ ཨིཛ་ཊར་གྱི་ དུས་སྟོན་སྐབས་ལུ་ ཉེན་སྲུང་བདག་འཛིན་གྱི་དོན་ལས་ ག་དེ་དྲག་དྲག་ གཙོ་བོ་བཏོན་དགོ་པའི་ གསུང་ཕྲིན་གནང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: