
སྤྱི་ཟླ་ ༣ པའི་ཚེས་ ༢༧ ལུ་ འབྲུག་བལྟ་བཤལ་ལས་ཁུངས་ཀྱིས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བལྟ་བཤལཔ་ཚུ་གིས་ གཡུས་ཚན་ཁག་གི་ནང་ འབྲུག་པའི་བཟའ་ཚང་ཚུ་དང་གཅིག་ཁར་སྡོད་དེ་ ས་གནས་ནང་གི་ ཉིན་བསྟར་གྱི་ ལམ་སྲོལ་དང་འབྲེལ་བའི་ ལཱ་ཚུ་ནང་ གྲལ་གཏོགས་ཐོག་ལས་ འབྲུག་གི་མགྱོན་སྐྱོང་གི་ ཉམས་མྱོང་ གཏིང་ཐབ་དང་ འཁྲུལ་མེད་འཐབ་ཟེར་ཨིནམ་ད་ སྡོད་ཁྱིམ་ཚུ་ཡང་ རང་སོའི་བློ་འདོད་དང་འཁྲིལ་ཏེ་ སྐར་རྟགས་ཆེ་ཆུང་གི་ གདམ་ཁ་ཡོདཔ་ཨིན་པས།
ད་རེས་ རྒྱལ་ཁབ་མཐའ་དབུས་ཀྱི་ གཡུས་ཚན་ཚུ་ནང་ བལྟ་བཤལཔ་ཚུ་ སྡོད་ནི་གི་ འོས་འབབ་ཡོད་མི་ སྡོད་ཁྱིམ་བསྡོམས་ ༡༢༣ ལུ་ འབྲུག་བལྟ་བཤལ་ལས་ཁུངས་ཀྱིས་ ངོ་སྦྱོར་ཚུ་ སྤྲོད་དེ་ཡོདཔ་ད་ སྡོད་ཁྱིམ་ཚུ་ཡང་ མང་ཤོས་ཅིག་ མི་རློབས་ཆུང་ཀུ་ཡོད་མི་ ས་གནས་སྐྱིད་ཏོང་ཏོ་ཚུ་ནང་ཡོད་བཀོད་ནུག།
སྡོད་ཁྱིམ་དེ་ཚུའི་ནང་ བཟའ་ཁང་དང་ དལ་ཉམས་ས་གོ་ཚུ་དང་ ཤོ་མཚུངས་ཀྱི་ མཐུན་རྐྱེན་ཚུ་མེད་རུང་ བདེ་ཉམས་ཐོག་ལུ་ སྡོད་ནིའི་དོན་ལས་ མཐའ་འཁོར་གཙང་སྦྲ་དང་ སྔོ་ལྗང་དང་ལྡན་པའི་ ཆུ་ཞིང་དང་ ལྷ་ཁང་དགོན་སྡེ་ གངས་རི་ལ་སོགས་པའི་ མཐོང་སྣང་ཚུ་ ག་ནི་བ་ཡང་ མཛེས་ཆ་དང་ལྡན་ཏོག་ཏོ་ཡོདཔ་ཨིན་པས།
གྲོང་གཡུས་ཁག་གི་ སྡོད་ཁྱིམ་ཚུ་ནང་ སྡོད་པའི་རིང་ལུ་ བལྟ་བཤལཔ་ཚུ་གིས་ མགྲོན་སྐྱོང་གི་ ལམ་ལུགས་བཟང་པོ་དང་ ས་གནས་ཀྱི་ བཟའ་འཐུང་ཚུ་ལུ་ ལོངས་སྤྱོད་ནི་གི་ གོ་སྐབས་ཚུ་གིས་མ་དོ་བར་ གཡུས་གོའི་མི་སེར་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ནི་དང་ མི་སེར་ཚུ་གི་ ཉིན་བསྟར་འཚོ་ལཱ་ ལྕང་སོན་བཙུགས་ནི་དང་ ལོ་ཐོག་བཏབ་ནི་ ཤིང་འབྲས་བཏོག་ནི་ ཚོད་བསྲེ་བཏོག་ནི་ལ་སོགས་པའི་ ལཱ་ཚུ་གི་ནང་ཡང་ གྲལ་གཏོགས་འབད་དེ་ འབྲུག་པའི་ལམ་སྲོལ་གྱི་ ཉམས་མྱོང་འཐོབ་ཚུགས་ཟེར་བཀོད་ནུག།
དེ་མ་ཚད་ དང་འདོད་ཡོད་མི་ཚུ་གིས་ འབྲུག་དང་ གངས་རི་ཧི་མ་ལ་ཡའི་ ལུང་ཕྱོགས་ནང་གི་ ལམ་ལུགས་དང་བསྟུན་པའི་ བཞེས་སྒོ་འབད་ནི་ཚུ་ཡང་ ལྷབ་ཚུགས་ནི་ཨིན་པའི་གུ་ ས་གནས་ནང་ཡོད་མི་ ཉ་དང་ སྨན་ལུད་མ་བླུགས་པའི་ ཚོད་བསྲེ་ཚུ་ཡང་ ལག་ལེན་འཐབ་སྟེ་ མིང་གཏམ་ཅན་གྱི་བཞེས་སྒོ་ མོ་མོ་དང་ ཨེ་མ་དར་ཚིལ་ བྱཱོ་གི་རྒྱ་ཐུག་ལ་སོགས་པ་ བཟོ་ནི་ཚུ་ཡང་ ལྷབ་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ གཡུས་གོའི་སྡོད་ཁྱིམ་ནང་ སྡོད་པའི་སྐབས་ལུ་ ལམ་སྲོལ་ཅན་གྱི་ལྟདམོ་དང་ ཞབས་བྲོ་ གྱོན་ཆས་བརྒྱན་ནི་དང་ ཆོས་དོན་ལས་རིམ་ཚུ་ཡང་ བལྟ་ཚུགས་ནི་གི་ གོ་སྐབས་ཡོདཔ་མ་ཚད་ རྡོ་བཙོའི་ཆུ་སྦང་ནི་དང་ བདེ་ཉམས་སྨན་བཅོས་ཚུ་གི་ ཉམས་མྱོང་ཚུ་ཡང་ འཐོབ་ཚུགས་ཟེར་བཀོད་ནུག།
བལྟ་བཤལ་ལས་ཁུངས་ཀྱི་ ཚོང་འབྲེལ་གཙོ་འཛིན་འགོ་དཔོན་གྱིས་ འཛམ་གླིང་མཐའ་དབུས་མེད་པའི་ ས་ཁོངས་ཚུ་གི་ནང་ལས་ མགྱོནམོ་ཚུ་ འབྲུག་གི་གཡུས་གོའི་ སྡོད་ཁྱིམ་ཚུ་ནང་ སྡོད་དེ་ ས་གནས་ཀྱི་ གནས་སྟངས་དང་ ཉམས་མྱོང་ཚུ་གི་ གོ་སྐབས་ལེན་གནང་ཟེར་ མགྲོན་བརྡ་སྤེལཝ་ཨིན་པས།
སྡོད་ཁྱིམ་ཚུ་ཡང་ རང་སོའི་ཁྱིམ་ནང་སྡོདཔ་ད་དང་ ཤོ་མཚུངསམ་མ་ཚད་ བཟའ་འཐུང་ཚུ་ཡང་ རང་སོའི་བཟའ་ཚང་ནང་འཁོད་ གསང་བྱའི་ཐོག་ལུ་ བཞག་ཡོད་མི་ བཞེས་སྒོ་འབད་ཐངས་ཚུ་དང་བསྟུན་པའི་ བཞེས་སྒོ་ཚུ་འང་ འཐོབ་ཚུགས་ནི་དང་ འབྲུག་པའི་བཟའ་ཚང་ཚུ་དང་ མཉམ་འབྲེལ་ཐོག་ལས་ དྲན་ཤེས་ཅན་གྱི་ ཚོར་སྣང་ཚུ་དང་ ཉམས་མྱོང་ཚུ་ཡང་ འཐོབ་ཚུགས་ཟེར་ བཀོད་འདུག་པའི་གནས་ཚུལ། .




Users Today :
Users Yesterday :
This Month :
This Year :
Total Users : 1444110
Views Today :
Total views : 5000
Who's Online :