
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ཞག་ ༤ གི་རིང་ལུ་ བང་ལ་དེཤ་ རྒྱལ་ཁབ་ནང་ གཞུང་དོན་གཟིགས་སྐོར་ གནང་པའི་ཤུལ་ལས་ སྤྱི་ཟླ་ ༣ པའི་ཚེས་ ༢༩ ལུ་ རྒྱལ་ས་ཐིམ་ཕུར་ ཕྱག་ཕེབས་གནང་ནུག།
དེ་ཡང་ བང་ལ་དེཤ་གི་སྲིད་འཛིན་ མོ་ཧ་མེད་ ཤ་ཧ་བུ་ཌིན་གྱིས་ མགྲོན་བརྡ་ཕུལཝ་བཞིན་དུ་ སྤྱི་ཟྲ་ ༣ པའི་ཚེས་ ༢༥ ལས་ ༢༨ ཚུན་ ཉིན་གྲངས་ ༤ གི་དོན་ལས་ བང་ལ་དེཤ་ལུ་ ཆིབས་བསྐྱོད་གནང་ཡི།
གཟིགས་སྐོར་སྐབས་ལུ་ མི་དབང་མངའ་བདག་རིན་པོ་མཆོག་གི་ ཕྱག་ཞུ་སྟེ་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་ མི་དབང་རྒྱལ་སྲསམོ་ བསོད་ནམས་གཡང་སྒྲོན་དབང་ཕྱུག་ཚུ་ བྱོན་ཡོདཔ་ད་ སྤྱི་ཟླ་ ༣ པའི་ཚེས་ ༢༦ ལུ་ བང་ལ་དེཤ་གི་ རང་དབང་གི་ཉིནམ་ བརྩི་སྲུང་ཞུ་སར་ དམིགས་བསལ་གྱི་ སྐུ་མགྲོན་སྦེ་ གྲལ་བཞུགས་མཛད་ཡོདཔ་ཨིན་པས།
མི་དབང་སྐུ་འཁོར་ཚུ་ སྤྱི་ཟླ་ ༣ པའི་ཚེས་ ༢༥ ལུ་ ཧཱཛ་རཱཏ་ཤ་ཧ་ཇ་ལཱལ་ རྒྱལ་སྤྱི་གནམ་གྲུ་ཐང་ནང་ ཕེབས་པའི་སྐབས་ལུ་ བང་ལ་དེཤ་གི་ སྲིད་འཛིན་དང་ ཨམ་གིས་སྦེ་ ཕེབས་བསུ་ཞུ་བའི་ཁར་ དྲག་པོའི་དམག་སྡེ་གིས་ཡང་ མངའ་བདག་བསྟི་སྭ་ཞུ་ནུག།
དེ་ལས་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ ཌ་ཀ་ལུ་ ཕེབས་པའི་ཤུལ་ལས་ བང་ག་བཱན་དྷུ་ ཤཱེག་མུ་ཇི་བར་ རཱེ་མཱན་ལུ་ གུས་བཏུད་ཀྱི་དོན་ལས་ བང་ག་བཱན་དུ་ རྗེས་དྲན་འགྲེམ་སྟོན་ཁང་ནང་ བྱོན་ཡོདཔ་ད་ བང་ག་བཱན་དྷུ་ ཤཱེག་མུ་ཇི་བར་ རཱེ་མཱན་དེ་ བང་ལ་དེཤ་ རྒྱལ་ཡོངས་ཀྱི་ ཡབ་རྗེ་སྦེ་ བརྩི་སྲོལ་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ བང་ལ་དེཤ་གི་ བློན་ཆེན་གྱི་ ཡིག་ཚང་ནང་སྦེ་ བློན་ཆེན་ཤཱེག་ཧ་སི་ན་དང་ མཇལ་འཕྲད་མཛད་ཡོདཔ་མ་ཚད་ རྒྱལ་ཁབ་ ༢ ཀྱི་བར་ན་ ཚོང་འབྲེལ་དང་ མཉམ་འབྲེལ་ དེ་ལས་ ལམ་སྲོལ་བརྗེ་སོར་ཚུ་གི་ གོ་དོན་ཆིངས་ཡིག་དང་ གན་ཡིག་ཚུ་གུ་ཡང་ མི་དབང་ཞབས་དང་ བློན་ཆེན་གྱི་ སྐུ་མདུན་ལུ་སྦེ་ མཚན་རྟགས་ཚུ་བཀོད་ནུག།
དེ་ཚེ་ཕྱི་རོ་ མི་དབང་སྐུ་འཁོར་ཚུ་གིས་ བང་ལ་དེཤ་ལུ་ཡོད་མི་ འབྲུག་པའི་སློབ་ཕྲུག་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ་མ་ཚད་ ཌ་ཀ་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ཡིག་ཚང་ནང་གི་ ལས་གཡོདཔ་ཚུ་དང་ཡང་ མཇལ་ཕྲད་མཛད་ཡོདཔ་ཨིན་པས།
དེ་ལས་ སྤྱི་ཟླ་ ༣ པའི་ཚེས་ ༢༦ གི་དྲོ་པར་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ ས་བར་ལུ་ཡོད་མི་ སྤྱི་ལོ་ ༡༩༧༡ ལོར་ ཕྱད་མདའའི་ནང་ རང་སྲོག་བློས་བཏང་མི་ཚུ་གི་ རྒྱལ་ཡོངས་དྲན་རྟེན་ ས་གོའི་ནང་ཡང་ གཟིགས་སྐོར་གནང་ནུག།
དེ་བསྒང་ བང་ལ་དེཤ་གི་ སྲིད་འཛིན་དང་ བློན་ཆེན་ ༢ ཡང་ བྱོན་ཡོདཔ་ད་ དྲན་རྟེན་དེ་ཁར་ མེ་ཏོག་གི་ ཕྲེང་བ་ཚུ་ བཀལ་གནང་སྟེ་ མི་དབང་མངའ་ཞབས་མཆོག་གིས་ དྲན་རྟེན་ས་གོའི་ཐང་ནང་ ཤིང་གི་ལྕང་སོན་ཅིག་ཡང་ བཙུགས་གནང་ཡོདཔ་ཨིན་པས།
དེ་ཚེ་ཕྱི་རོ་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱི་དོན་ལས་ སྲིད་འཛིན་མོ་ཧ་མེད་ ཤ་ཧ་བུ་ཌིན་དང་ ཨམ་རེ་བེ་ཀ་ སུལ་ཏ་ན་ ༢ ཀྱིས་ བང་ག་བྷ་བཱན་ནང་སྦེ་ ཚོགས་སྟོན་ཅིག་ འགོ་འདྲེན་འཐབ་སར་ བློན་ཆེན་ཤཱེག་ཧ་སི་ན་ཡང་བྱོན་ནུག།
སྤྱི་ཟླ་ ༣ པའི་ཚེས་ ༢༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ པཱད་མ་ཟམ་དང་ ཨ་རའི་ཧ་ཛར་ ན་ར་ཡཱན་གཱན་ཇི་ དམིགས་བསལ་དཔལ་འབྱོར་གྱི་ ས་ཁོངས་ནང་སྦེ་ བང་ལ་དེཤ་གི་ ཚོང་འབྲེལ་འགོ་ཁྲིདཔ་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ་ད་ དེ་ཚེ་ཉིན་མར་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་སྲས་སྲོས་ཚུ་ རྒྱལ་ཁབ་ནང་ ལོག་བྱོན་ཡོདཔ་ཨིན་པས།
གཟིགས་སྐོར་གྱི་ ཉིན་མཇུག་ལུ་ མི་དབང་མངའ་ཞབས་མཆོག་ བང་ལ་དེཤ་གི་ བྱང་ཕྱོགས་ལུང་ཕྱོགས་ནང་ འབྲུག་གི་དོན་ལས་ གྲོས་འཆར་བཀོད་མི་ དམིགས་བསལ་གྱི་ དཔལ་འབྱོར་ས་ཁོངས་ ཀུ་རི་ག་རམ་ཟེར་སར་ བྱོནམ་དང་འབྲེལ་ཏེ་ སོ་ན་ཧཱཊ་ ས་ཐོག་འབབ་ཚུགས་ནང་ཡང་ བྱོན་གནང་ཡོདཔ་ད་ ས་ཐོག་འབབ་ཚུགས་དེ་ རྒྱ་གར་ཨ་སམ་མངའ་སྡེའི་ ས་མཚམས་ཁར་ཨིནམ་ད་ གཟིགས་སྐོར་དེ་གི་སྐབས་ལུ་ བང་ལ་དེཤ་གི་ ས་སྲུང་དམག་མི་ཚུ་གིས་ མངའ་བདག་སྟི་སྭ་ཞུ་ནུག།
ས་གནས་དེ་ཁ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་ཨ་སམ་བརྒྱུད་དེ་ ཆིབས་འཁོར་ནང་སྦེ་ དགེ་ལེགས་ཕུག་ལུ་ ཆིབས་བསྐྱོད་གནང་ཡོདཔ་ད་ ཀུ་རི་ག་རམ་དེ་ དགེ་ལེགས་ཕུག་ལས་ ཀི་ལོ་མི་ཊར་ ༡༩༠ དང་ སོ་ན་ཧཱཊ་དེ་ ཀི་ལོ་མི་ཊར་ ༡༤༠ དེ་ཅིག་གི་ ས་ཁར་ཡོདཔ་ཨིན་པས།
གཟིགས་སྐོར་སྐབས་ལུ་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱི་ ཕྱག་ཞུ་སྟེ་ ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་དང་ གསོ་བའི་བློན་པོ་ དེ་ལས་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་བློན་པོ་གིས་གཙོས་པའི་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་བྱོན་ནུག།
མི་དབང་མཆོག་ བང་ལ་དེཤ་ རྒྱལ་ཁབ་ནང་ གཞུང་དོན་གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་མི་དེ་གིས་ འབྲུག་དང་ བང་ལ་དེཤ་ ༢ ཀྱི་བར་ན་ སྤྱི་ལོ་ ༡༩༧༡ ལས་ཚུར་ འབྱུང་རབས་ཅན་གྱི་ མཐུན་ལམ་དམ་ཟབ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས།
དེ་ཡང་ ལོ་དེ་ནང་ འབྲུག་གིས་ བང་ལ་དེཤ་དེ་ རང་དབང་ཅན་གྱི་ རྒྱལ་ཁབ་སྦེ་ ངོས་ལེན་མཛད་ཡོདཔ་ད་ དུས་དེ་ལས་ཚུར་ རྒྱལ་ཁབ་ ༢ ཀྱི་ མཐུན་ལམ་དེ་ ཁྱད་དུ་འཕགས་པའི་ གནས་ཚད་དམ་ཟབ་ལུ་ འགྱུར་ཏེ་ཡོདཔ་ཨིན་པའི་གནས་ཚུལ།






Users Today : 1420
Users Yesterday : 1476
This Month : 39933
This Year : 219836
Total Users : 931652
Views Today : 4425
Total views : 2718027
Who's Online : 9