ར་ཤི་ཡའི་ དམག་འཛིང་གནམ་གྲུ་ཆུང་བ་ ཌཱོན་ཚུ་གིས་ ཡུ་ཀེ་རེན་གྱི་ ས་གནས་ཁར་ཀིབ་ལུ་ མི་གྲངས་ ༤ དམར་བསད།

ཨཱལ་ཇ་ཟི་ར།
ཡུ་ཀེ་རེན་གྱི་ ཁྲོམ་ཚོགས་ ༢ པ་ ཁར་ཀིབ་ལུ་ ར་ཤི་ཡ་གིས་ གནོད་འཚུབ་བཀལ་ཏེ་ ཉུང་ཤོས་ར་ མི་གྲངས་ ༤ དེ་ཅིག་ དམར་བསད་འབད་ཡོདཔ་མ་ཚད་ གཞན་མི་ ༡༢ ལུ་ཡང་ རྨ་སྐྱོན་བྱུང་ནུག།
དེ་ཡང་ དམག་འཛིང་གནམ་གྲུ་ཆུང་བ་ ཌཱོན་ཤ་ཧིད་ཟེར་མི་ཚུ་གིས་ ར་ཤི་ཡའི་ ས་མཚམས་ཁར་ཡོད་མི་ ཁྲོམ་ཚོགས་ཁར་ཀིབ་ཀྱི་ སྒྲིང་ཁྱིམ་ ༢ ལུ་ ཕོག་ཡོདཔ་ད་ ར་ཤི་ཡ་གིས་ ས་གནས་དེ་ཁར་ འཕྲལ་འཕྲལ་སྦེ་ར་ དམིགས་གཏད་བསྐྱེད་ཐོག་ལས་ གནོད་འཚུབ་བཀལ་དོ་ཡོདཔ་ཨིན་པས།
སྤྱི་ཟླ་ ༤ པའི་ཚེས་ ༤ ལུ་ ཁྲོམ་དཔོན་ཨི་གོར་ ཏེ་རེ་ཁོབ་ཀྱིས་ མི་སྡེ་བརྡ་བརྒྱུད་ ཊེ་ལི་ག་རམ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་གིས་ ཐོག་ཚད་ལེ་ཤ་འབད་མི་ སྒྲིང་ཁྱིམ་ཅིག་ལུ་ གནོད་འཚུབ་ལན་ཐེངས་ ༢ བཀལ་མིའི་ནང་ སྲོག་སྐྱབས་ཀྱི་ ལཱ་འབད་མི་ ༢ ལུ་ཡང་ ཤི་རྐྱེན་བྱུང་ཡི་ཟེར་ཨིནམ་ད་ ཁར་ཀིབ་མངའ་སྡེའི་ནང་ སྒྲིང་ཁྱིམ་དེ་ མི་རློབས་ལེ་ཤ་ཅིག་གི་ སྡོད་གནས་ཨིན་ཟེར་བཀོད་ནུག།
ཡུ་ཀེ་རེན་གྱི་ དམག་སྤྱི་ལས་རོགས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྲོག་སྐྱབས་འབད་མི་ ༡ སྒྲིང་ཁྱིམ་གཞན་ཅིག་གུ་ ཌཱོན་གྱིས་ཕོག་སྟེ་ ཤི་རྐྱེན་བྱུང་ཡོདཔ་ད་ ཁོང་གིས་ ར་ཤི་ཡ་གིས་ ཌཱོན་ ༢༠ བཏང་མིའི་གྲས་ལས་ ༡༡ ཕབ་བཏང་ཡི་ཟེར་ཨིན་པས།
ཡུ་ཀེ་རེན་གྱི་ ནུས་ཤུགས་ལྷན་ཁག་ལས་ གནོད་འཚུབ་དེ་ལུ་བརྟེན་ཏེ་ ཁར་ཀིབ་དང་ མཐའ་སྐོར་གྱི་ ས་གནས་ཚུ་ནང་སྡོད་མི་ ༣༥༠,༠༠༠ དེ་ཅིག་ གློག་མེ་མེད་པར་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: