ཏ་ཡེ་ཝཱན་ རྒྱལ་ཁབ་ནང་ ས་ཡོམ་ཤུགས་ཅན་ཅིག་ རྐྱབ་པ་ལུ་བརྟེན་ཏེ་ མིའི་ཚེ་སྲོག་དང་ རྒྱུ་དངོས་ལུ་གནོད་སྐྱོན།

ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༤ པའི་ཚེས་ ༤ གི་དྲོ་པ་ ཏ་ཡེ་ཝཱན་ལུ་ ས་ཡོམ་ཤུགས་ཚད་ ༧.༢ འབད་མི་ཅིག་ རྐྱབ་ཡོད་མི་དེ་ ད་ཚུན་ ལོ་ངོ་ ༢༥ གི་ ནང་འཁོད་ལུ་ འགོ་དང་པ་ཨིནམ་ད་ ས་ཡོམ་དེ་ནང་ གནོད་སྐྱོན་བྱུང་མི་དང་ བྱང་སྟོར་ཤོར་མི་ཚུ་ འཕྲོ་མཐུད་དེ་ར་ འཚོལ་ཞིབ་འབདཝ་ཨིན་པས།
སྤྱི་ཟླ་ ༤ པའི་ཚེས་ ༤ ཚུན་ལུ་ རྐྱེན་ངན་དེ་ནང་ མི་གྲངས་ ༡༠ ལུ་ ཤི་རྐྱེན་དང་ མི་གྲངས་ ༡,༠༣༨ ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ མི་གྲངས་ ༥༢ དེ་ཅིག་ འཚོལ་མ་ཐོབ་པར་ཡོདཔ་ད་ ས་ཡོམ་དེ་ཡང་ ཏ་ཡེ་ཝཱན་ མཚོ་གླིང་རྒྱལ་ཁབ་ཀྱི་ ཤར་ཁ་ཐུག་ལུ་རྐྱབ་ནུག།
ས་ཡོམ་དེ་གིས་ སྒྲིང་ཁྱིམ་གྱི་རྩ་བོ་ཚུ་ ཧྲམ་བཏང་པའི་ཁར་ ཟམ་དང་ ས་དོང་གི་ འགྲུལ་ལམ་ཚུ་ཡང་ མེདཔ་བཏང་ཡོདཔ་ད་ སྒྲིང་ཁྱིམ་ལེ་ཤ་ཅིག་གི་ འོག་ཐོག་ཚུ་ རམ་ཡར་སོངཔ་ལས་ ས་ཁར་འགྱེལ་སག་ས་སྦེ་ཡོདཔ་ཨིན་པས།
དེ་ལས་ གཞན་ཡང་ རྡོ་ཕོང་དང་ ས་རུད་ཆད་དེ་ འཁོར་ལམ་ཚུ་ མེདཔ་བཏང་ཡོདཔ་ད་ སྤྱི་ཟླ་ ༤ པའི་ཚེས་ ༤ གི་དྲོ་པར་ ས་ཡོམ་དེ་ལུ་བརྟེན་ཏེ་ རྡོ་ཚུ་རྦོབ་རིལ་འོངམ་ལས་ ཏ་ར་ཀོ་ རྒྱལ་ཡོངས་གླིང་གའི་ནང་ ལམ་འགྲུལ་འབད་མི་ ༣ ལུ་ཡང་ ཤི་རྐྱེན་བྱུང་ནུག།
ཏ་ཡེ་ཝཱན་ མེ་རྐྱེན་ཉེན་སྲུང་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྲོག་སྐྱབས་ཀྱི་ ལཱ་འབད་མི་ཚུ་གིས་ གནམ་གྲུ་ཆུང་བ་ཌཱོན་དང་ གནམ་གྲུ་ཧེ་ལི་ཀོབ་ཊར་ཚུ་གི་ཐོག་ལས་ མཛེས་ཆ་དང་ལྡན་པའི་ གླིང་གའི་ནང་ལས་ འཐོན་མ་ཚུགས་པར་ ལུས་ཡོད་མི་ཚུ་ འཚོལ་བའི་བསྒང་ཡོད་ཟེར་ཨིན་པས།
གླིང་ག་དེ་ཁར་ བཟའ་ཁང་ཅིག་ནང་ ལཱ་འབད་བར་འགྱོ་མི་ མི་གྲངས་ ༣༨ བྱང་སྟོར་ཤོར་མིའི་གྲས་ལས་ ལ་ལོ་ཅིག་ འཚོལ་ཐོབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: