བློན་ཆེན་རི་ཤི་སུ་ནག་ལུ་ ཡུ་ཀེ་གིས་ ཨིཛ་རེལ་ལུ་ མཚོན་ཆ་བཙོང་ནི་ བཀག་དམ་འབད་དགོ་པའི་ནན་སྐུལ།

ཨཱལ་ཇ་ཟི་ར།
པེ་ལིཛ་ཊིན་གྱི་ ས་གནས་ག་ཟ་ལུ་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་མིའི་ནང་ ཡུ་ཀེའི་མི་ཁུངས་ ༣ གྱིས་གཙོས་པའི་ གྲོགས་རམ་གྱི་ ལཱ་འབད་མི་ ༧ ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ ཡུ་ཀེའི་བློན་ཆེན་ རི་ཤི་སུ་ནག་ལུ་ ཡུ་ཀེའི་ཁ་ཐུག་ལས་ ཨིཛ་རེལ་ལུ་ མཚོན་ཆ་བཙོང་ནི་དེ་ བཀག་དམ་འབད་དགོ་པའི་ ནན་སྐུལ་འབདཝ་ཨིན་པས།
དེ་ཡང་ ལི་བཱ་རཱལ་ ཌེ་མོ་ཏེར་ཊིག་ སྲིད་ཚོགས་དང་ སི་ཀོ་ཊིཤ་ རྒྱལ་ཡོངས་སྲིད་ཚོགས་ཀྱིས་ ཨིཛ་རེལ་ལུ་ མཚོན་ཆ་བཙོང་ནི་ མཚམས་འཇོག་འབད་ནིའི་དོན་ལས་ ད་རེས་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ ཨིཛ་ཊར་དུས་སྟོན་གྱི་ ངལ་གསོ་ནང་ཨིན་རུང་ ལོག་འབོ་ཞིནམ་ལས་ གསུང་གྲོས་གནང་དགོཔ་སྦེ་ཞུ་ནུག།
ཡུ་ཀེ་ལུ་ དུས་ཅི་ ལོ་མཇུག་ཁམས་ཅིག་ཁར་ འགོ་འདྲེན་འཐབ་ནི་ཨིན་མི་ བཙག་འཐུའི་ནང་ལས་ རྒྱལ་ཁ་འཐོབ་ནི་བཟུམ་ཅིག་ཡོད་མི་ ལྡོག་ཕྱོགས་ཚོགས་པ་ ལེ་བཱར་གྱིས་འབད་བ་ཅིན་ ཨིཛ་རེལ་གྱིས་ རྒྱལ་སྤྱི་ཁྲིམས་ལུགས་ལས་ འགལ་བ་ཡོད་པ་ཅིན་ ཡུ་ཀེ་གཞུང་གིས་ མཚོན་ཆ་བཙོང་ནི་དེ་ མཚམས་འཇོག་འབད་དགོ་ཟེར་ཨིན་པས།
བར་སྐབས་ཅིག་ཁར་ ཡུ་ཀེའི་ཁྲིམས་རྩོདཔ་དང་ ཁྲིམས་དོན་མཁས་མཆོག་ ཆེ་མཐོའི་དྲང་དཔོན་བགྲེསཔ་ ༦༠༠ ལྷགཔ་ཅིག་དང་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་བགྲེསཔ་ ༣ མཉམ་འབྲེལ་ཐོག་ལས་ ཡུ་ཀེ་གཞུང་གིས་ ཨིཛ་རེལ་ལུ་ མཚོན་ཆ་བཙོང་ནི་ མཚམས་འཇོག་འབད་དགོཔ་སྦེ་ ཞུ་ཡོདཔ་ད་ ཡུ་ཀེ་གཞུང་གིས་ དེ་སྦེ་མ་འབད་བ་ཅིན་ ས་གནས་ག་ཟ་ལུ་ མི་དམར་བསད་འབད་མིའི་གྲས་ཁར་ ཚུད་འོང་ཟེར་ཨིན་པས།
རྒྱལ་སྤྱི་ཁྲིམས་ལུགས་ནང་ དེ་བཟུམ་མའི་ ལཱ་ངན་འབད་མི་ལུ་ གྲོགས་རམ་དང་ རྒྱབ་སྐྱོར་འབད་མི་དེ་ རྒྱལ་སྤྱིའི་ལམ་ལུགས་ལས་ཡང་ འགལ་བ་ཨིནམ་སྦེ་ ཁོང་གིས་ཕུལ་མི་ ཞུ་ཡིག་ཤོབ་ལེབ་ ༡༧ འབད་མིའི་ནང་ ཚུད་དེ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: