
རོའི་ཊརཛ།
སྤྱི་ཟླ་ ༤ པའི་ཚེས་ ༡༠ ལུ་ ཡུ་ཀེ་རེན་གྱི་ ལྷོ་ཕྱོགས་དང་ བྱང་ཕྱོགས་ཀྱི་ཁྲོམ་སྡེ་ ཁར་ཀིབ་དང་ ཨོ་དེ་ས་ཟེར་སར་ ར་ཤི་ཡ་གིས་ གནོད་འཚུབ་ཚབས་ཆེན་སྦེ་ར་ བཀལ་མིའི་ནང་ མི་གྲངས་ ༧ ལུ་ ཤི་རྐྱེན་དང་ མི་ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།
དེ་ཡང་ ཡུ་ཀེ་རེན་གྱི་ ལྷོ་ཕྱོགས་ཁྲོམ་སྡེ་ ཨོ་དེ་ས་ལུ་འབད་བ་ཅིན་ སྤྱི་ཟླ་ ༤ པའི་ཚེས་ ༡༠ གྱི་ ཕྱི་རོ་ཁམས་ཅིག་ཁར་ མི་ཛ་ཡེལ་བཏང་མིའི་ནང་ སྐྱེས་ལོ་ ༡༠ འབད་མི་ བུམོ་ ༡ གིས་གཙོས་པའི་ མི་གྲངས་ ༤ ལུ་ ཤི་རྐྱེན་དང་ གཞན་མི་ ༡༤ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།
དེ་ལས་ བྱང་ཤར་ཁྲོམ་སྡེ་ ཁར་ཀིབ་ལུ་ཡང་ ཁྲོམ་ཚུ་དང་ ནུས་ཤུགས་ཀྱི་ ས་གོ་ཚུ་ནང་ འདས་པའི་བདུན་ཕྲག་ནང་ ར་ཤི་ཡ་གིས་ གནོད་འཚུབ་སྦོམ་སྦེ་ར་ བཀལ་བའི་སྐབས་ལུ་ སྨན་རྫས་ཚོང་ཁང་ཅིག་ནང་ སྐྱེས་ལོ་ ༡༤ འབད་མི་ བུམོ་ ༡ དང་ ལིབ་ཙི་ཟེར་མི་ གཡུས་ཚན་ནང་ ཨམ་སྲུ་ ༢ ལུ་ རྨ་སྐྱོན་བྱུང་ནུག།
ར་ཤི་ཡའི་ ས་མཚམས་ཁར་ ལུང་ཕྱོགས་ཀརཛ་ཟེར་སར་ ཡུ་ཀེ་རེན་གྱི་ དམག་འཛིང་གནམ་གྲུ་ཆུང་བ་ཌཱོན་གྱིས་ སྣུམ་འཁོར་ཅིག་ལུ་ཕོག་སྟེ་ ཨ་ལོ་ ༢ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
དེ་མ་ཚད་ ར་ཤི་ཡའི་ མི་ཛ་ཡེལ་ཚུ་གིས་ སྐྱེལ་འདྲེན་གྱི་ གཞི་རྟེན་མཁོ་ཆས་དང་ སྣུམ་འཁོར་ཊག་ཚུ་ཡང་ མེདཔ་བཏང་པའི་ཁར་ ས་སྣུམ་གྱི་ མཛོད་ཁང་ཅིག་ལུ་ཡང་ཕོག་སྟེ་ མེ་འབར་ཡོདཔ་ལས་ ཉེ་འདབས་ཀྱི་ དོ་མཛོད་ཁང་དང་ བདག་སྐྱོང་གི་ སྒྲིང་ཁྱིམ་ཚུ་ལུ་ གནོད་སྐྱོན་བྱུང་ནུག།
ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ ཁོང་གི་ས་མཚམས་དང་ དམག་འཁྲུག་གི་ ས་ཁོངས་ཚུ་ནང་ ར་ཤི་ཡ་གིས་ ཉིན་ནུབ་མེད་པར་ དྲག་ཐོག་དབང་བཙོང་གི་ ལཱ་བྱ་འཐབ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 1175
Users Yesterday : 1422
This Month : 16346
This Year : 180030
Total Users : 538007
Views Today : 2001
Total views : 1694881
Who's Online : 7