
རོའི་ཊརཛ།
སྤྱི་ཟླ་ ༤ པའི་ཚེས་ ༢༦ ལུ་ བ་ཀིང་ཧམ་ཕོ་བྲང་ལས་ བི་རི་ཊེན་གྱི་རྒྱལཔོ་ མི་དབང་ཅརལིཛ་མཆོག་ལུ་ ནད་གཞི་ཀེན་སར་ཡོད་པའི་ ངོས་འཛིན་བྱུང་པའི་ཤུལ་ལས་ སྨན་བཅོས་ཀྱི་ གྲུབ་འབྲས་ཚུ་ ལེགས་ཤོམ་སྦེ་ ཐོན་པ་ལུ་བརྟེན་ཏེ་ བདུན་ཕྲག་ཤུལ་མའི་ནང་ལས་ མི་དམངས་ཀྱི་ ཕྱག་འགན་ཚུ་ བསྐྱར་ལོག་བཞེས་ནི་ཨིན་པའི་ གསལ་བསྒྲགས་འབད་ནུག།
དེ་ཡང་ མདང་ཞག་ སྤྱི་ཟླ་ ༢ པའི་ནང་ དགུང་ལོ་ ༧༥ བཞེས་མི་ མི་དབང་རྒྱལ་པོ་མཆོག་ལུ་ ནད་གཞི་ཀེན་སར་ཡོད་པའི་ ངོས་འཛིན་བྱུང་པའི་ཤུལ་ལས་ སྨན་བཅོས་ཚུ་ཕུལ་ནི་ འགོ་བཙུགསཔ་དང་འབྲེལ་ཏེ་ གཞུང་འབྲེལ་ཕྱག་འགན་ཚུ་ཡང་ འཕྲོ་མཐུད་དེ་ར་ གནང་བཞིན་དུ་ཨིན་རུང་ སྐུ་ངལ་གནང་ཐབས་ལུ་ མི་མང་དང་འབྲེལ་བ་འཐབ་ནི་དེ་ ཕར་ཕུད་རྐྱབ་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ ད་རེས་ མི་མང་འགན་ཁུར་ དག་པ་ཅིག་ ལོག་སྟེ་ར་ བཞེས་ཚུགས་ནི་ཨིན་མི་དེ་ཡང་ སྨན་བཅོས་སྡེ་ཚན་དང་ མཁས་མཆོག་ཚུ་ལུ་བརྟེན་ཏེ་ཨིནམ་ལས་ ཁོང་ལུ་ མི་དབང་ཞབས་ལས་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་གནང་ནུག།
མི་དབང་མཆོག་ལུ་ སྨན་བཅོས་དེ་ ནམ་ཚུན་ཚོད་ ཕུལ་དགོཔ་ཨིན་ན་ ཏན་ཏན་མེད་རུང་ ད་ཚུན་གྱི་ སྨན་བཅོས་ཀྱི་ གྲུབ་འབྲས་ལུ་བལྟ་སྟེ་ ད་ལས་ཕར་ཡང་ སྨན་བཅོས་དེ་ ལེགས་ཤོམ་སྦེ་ འགྱོ་འོང་མནོ་བའི་ ཡིད་ཆེས་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ མི་མང་གི་ ཕྱག་འགན་ལ་ལོ་ཅིག་ སྐུ་སྒེར་ཐོག་ལས་བཞེས་ཏེ་ བཞུགས་ཡོདཔ་ད་ མི་དམངས་དང་ མཇལ་ཕྲད་དེ་ཡང་ འདས་པའི་ཟླཝ་ནང་ ཨིཛ་ཊར་དུས་སྟོན་སྐབས་ལུ་ ཡེ་ཤུའི་ལྷ་ཁང་ནང་ བྱོན་པའི་ཤུལ་ལས་ མཛད་གནང་ཡོདཔ་ལས་ མི་སེར་ཚུ་ཡང་ སྙུང་གཞི་དྭངས་དོ་ཡོད་པའི་ ཚོར་སྣང་ཐོག་ལས་ སེམས་དགའ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1266
Users Yesterday : 2073
This Month : 3339
This Year : 183242
Total Users : 895058
Views Today : 2313
Total views : 2629137
Who's Online : 4