
འབྲུག་གཞུང་དང་ མཐའ་ཡས་ལེན་ གཞུང་གི་བར་ན་ མཉམ་འབྲེལ་ཚོང་འབྲེལ་ཚོགས་ཆུང་གི་ ཞལ་འཛོམས་ཐེངས་ ༥ པ་དེ་ ཐིམ་ཕུ་ལུ་སྦེ་ སྤྱི་ཟླ་ ༥ པའི་ཚེས་ ༡༥ དང་ ༡༦ ལུ་ འཚོགས་ཡོདཔ་ཨིན་པས།
དེ་བསྒང་ འབྲུག་གི་འཐུས་མི་སྡེ་ཚན་དེ་ བཟོ་གྲྭ་ཚོང་ལས་དང་ ལཱ་གཡོག་བློན་པོ་ རྡོ་རྗེ་ཚེ་རིང་དང་ མཐའ་ཡས་ལེན་གྱི་ འཐུས་མི་སྡེ་ཚན་དེ་ ཚོང་འབྲེལ་བློན་པོ་འོགམ་ ན་པིན་ཊཱོན་ སི་རི་ཨུན་པང་གིས་ འགོ་ཁྲིད་ཐོག་ལས་ འཚོགས་གནང་ནུག།
ཞལ་འཛོམས་དེ་གི་ཧེ་མར་ འབྲུག་གི་བཟོ་གྲྭ་ཚོང་ལས་དང་ ལཱ་གཡོག་ལྷན་ཁག་གི་དྲུང་ཆེན་ བཀྲིས་དབང་མོ་དང་ མཐའ་ཡས་ལེན་ ཚོང་འབྲེལ་ལྷན་ཁག་གི་ ཡོངས་ཁྱབ་མདོ་ཆེན་ ཅོ་ཊི་མ་ ལེམ་ས་ཝཱཛ་དི་ཀཱུལ་ ༢ མཉམ་རུབ་ཁྲི་འཛིན་ཐོག་ལུ་ ཆེ་མཐོའི་འགོ་དཔོན་ཚུ་གི་བར་ན་ ཞལ་འཛོམས་ཅིག་ འཚོགས་ཡོདཔ་ཨིན་པས།
ཉིན་གྲངས་ ༢ ཀྱི་ ཞལ་འཛོམས་སྐབས་ལུ་ དམིགས་བསལ་གྱིས་ ཟུང་ཕྱོགས་ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ཚུ་ ཡར་དྲག་གཏང་ཐབས་ལུ་ སོ་ནམ་དང་ བལྟ་བཤལ་ མ་རྩ་གཞི་བཙུགས་ སྤུས་ཚད་ ཚོང་སྒྱུར་མཐུད་སྦྲེལ་ དེ་ལས་ ལག་བཟོ་དང་ རིག་རྩལ་རྒྱུ་དངོས་ཚུ་ཚུད་མི་ དཔལ་འབྱོར་མཉམ་འབྲེལ་ བཙན་ཐབས་དང་འབྲེལ་བའི་ གྲོས་གཞི་ཁག་མ་འདྲཝ་ཚུ་གི་སྐོར་ལས་ གསུང་གྲོས་གནང་ནུག།
དེ་མ་ཚད་ རྒྱལ་ཁབ་ ༢ ཀྱི་བར་ན་ ཁུངས་གཏུགས་གནས་ཚིག་དང་ བཀག་ཆ་མེད་པའི་ ཚོང་འབྲེལ་ཆིངས་ཡིག་གི་ འགྲིགས་ཆ་དེ་ཡང་ འགོ་བཙུགས་པའི་ཁར་ བློན་པོ་ ༢ ཀྱི་ སྐུ་མདུན་ལུ་སྦེ་ མཐའ་ཡས་ལེན་གྱི་ ཡུན་བརྟན་རིག་རྩལ་ལག་བཟོའི་ གཙུག་སྡེ་དང་ འབྲུག་གི་བརྡ་བརྒྱུད་རིག་རྩལ་བཟོ་གྲྭ་དང་ རིག་རྩལ་རྒྱུ་དངོས་ལས་ཁུངས་ཀྱི་བར་ན་ གོ་དོན་ཆིངས་ཡིག་ཅིག་ལུ་ཡང་ མཚན་རྟགས་བཀོདཔ་ཨིན་པས།
འདས་པའི་ལོ་ངོ་ཚུ་ནང་ རྒྱལ་ཁབ་ ༢ ཀྱི་བར་ན་ ཚོང་འབྲེལ་དེ་ ཡར་སེང་ཅན་སྦེ་ ཐོན་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༢༣ ལུ་ ཡུ་ཨེཛ་ཌོ་ལར་ས་ཡ་ ༢༣ འབདཝ་ད་ དངུལ་ཀྲམ་ཐེར་འབུམ་ ༡.༧ གནས་པའི་ ཅ་ཆས་ཚུ་གི་ ཚོང་འབྲེལ་འཐབ་ནུག།
དེ་བཟུམ་སྦེ་ འཕྲལ་ཁམས་ཀྱི་ འདས་པའི་ལོ་ཚུ་གི་ནང་ཡང་ མཐའ་ཡས་ལེན་དེ་ འབྲུག་གི་ཚོང་འབྲེལ་མཉམ་རོགས་ ཨང་ ༤ པ་སྦེ་ གནས་ཡོདཔ་ད་ མཉམ་འབྲེལ་ཚོང་འབྲེལ་ཚོགས་ཆུང་གི་ ཞལ་འཇོམས་ཐེངས་ ༤ པ་དེ་ སྤྱི་ལོ་ ༢༠༢༢ ལུ་ མཐའ་ཡས་ལེན་ལུ་ འཚོགས་ཡོད་པའི་གནས་ཚུལ།






Users Today : 70
Users Yesterday : 1472
This Month : 52418
This Year : 281259
Total Users : 993075
Views Today : 78
Total views : 2895992
Who's Online : 7