
སིངྒ་པོར་གྱི་གསར་ཤོག་ སི་ཊེཊ་ཊ་ཡིམཛ་ཟེར་མིའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ མི་ལོ་ ༤༠༠ ལང་མི་ རྒྱུ་སྨན་འདམ་ལས་གྲུ་པའི་ སྟོན་པའི་སྐུ་འདྲ་ཅིག་ གནམ་གྲུའི་ཐོག་ལུ་སྦེ་ སྔར་གྱི་གདན་ས་ འབྲུག་རྒྱལ་ཁབ་ནང་ ལོག་བཏང་ཡི་ཟེར་ཨིན་པས།
དེ་ཡང་ ཌོག་ཊར་ཊོ་མི་ཨོང་དང་ ཁོ་གི་གནས་ཚང་ ཧེ་དི་ ༢ ཀྱིས་ ཁོང་གི་བུ་ སྐྱེས་ལོ་ ༡ འབད་མི་དེ་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༤ པའི་ནང་ གྱོངས་སོངཔ་ལས་ ཁོང་གི་སྒེར་དབང་ཐོག་ལུ་ཡོད་མི་ སྟོན་པའི་སྐུ་འདྲ་རྙིངམ་དེ་ ཚེ་འདས་བུ་གི་དོན་ལུ་སྦེ་ སྔར་ཤུལ་ལུ་ ལོག་བསྐྱལ་བཏང་ནུག།
སྟོན་པའི་སྐུ་འདྲ་དེ་ཡང་ ནང་པའི་ཆོས་ཚོགས་ཀྱི་ མཛད་སྒོའི་རྟེན་འབྲེལ་ཅིག་གི་སྐབས་ལུ་ ཟས་བཅུད་ལྷན་ཐབས་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་ ཌོག་ཊར་ཨོང་གིས་ སིངྒ་པོར་ལུ་ འབྲུག་གི་གཞུང་ཚབ་ ཀུན་བཟང་རྡོ་རྗེ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
རིང་ཚད་སེན་ཊི་མི་ཊར་ ༣༤ དང་ དཀྱུས་སེན་ཊི་མི་ཊར་ ༢༧ འབད་མི་ སྟོན་པའི་སྐུ་འདྲ་དེ་ བཞེངས་དུས་བརྟག་དཔྱད་སྐབས་ལུ་ སྤྱི་ལོ་ ༡༦༢༠ ཉེར་གྲངས་ནང་ བཞེངས་ཡོད་པའི་ མངོན་གསལ་བྱུང་ནུག།
སྐྱེས་ལོ་ ༤༤ འབད་མི་ ཌོག་ཊར་ཨོང་གིས་ རྒྱུ་སྨན་འདམ་ མཉེན་ཏོག་ཏོ་ལས་གྲུབ་པའི་ སྐུ་འདྲ་རྙིངམ་དེ་ གནོད་སྐྱོན་ཞུགས་མ་བཅུག་པར་ བདག་འཛིན་འཐབ་ཚུགས་མི་དེ་ གནམ་མེད་ས་མེད་་ དཀོན་དྲགས་ཅིག་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
དེ་མ་ཚད་ སྐུ་འདྲ་དེ་ ནང་པ་སངས་རྒྱས་པའི་ཆོས་ལྡན་གྱི་ འབྲུག་རྒྱལ་ཁབ་ནང་ ག་ནི་བ་ཡང་ བྱིན་རླབས་ཅན་སྦེ་ བརྩི་སྲོལ་ཡོདཔ་ལས་ ད་རེས་ ལོག་སྟེ་ར་ རྩིས་སྤྲོད་འབདཝ་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ སི་ཊེཊ་ཊ་ཡིམཛ་ གསར་ཤོག་ཅིག་ནང་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1435832
Views Today :
Total views : 5000
Who's Online :