
དུས་ཅི་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༧ པ་ལས་ འགོ་བཙུགས་ནི་ཨིན་མི་ ལོ་ལྔའི་འཆར་གཞི་ ༡༣ པའི་དོན་ལུ་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་ ༥༡༢.༢༨ བགོ་བཀྲམ་འབད་མི་དེ་ ད་ཚུན་གྱི་ ལོ་ལྔའི་འཆར་གཞི་ཚུ་གི་གྲས་ལས་ མ་དངུལ་མཐོ་ཤོས་ཡོད་པའི་ ལོ་ལྔའི་འཆར་གཞི་ཨིནམ་ད་ མ་དངུལ་དེ་གི་ཐོག་ལས་ རྒྱན་སྐྱོང་ཟད་འགྲོའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་ ༢༦༧.༢༨ དང་ གསར་སྒྲུབ་ཟད་འགྲོའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་ ༢༤༥ ཨིན་པས།
འཆར་དངུལ་ཡོངས་བསྡོམས་ཐོག་ལས་ ངོས་འཛིན་གྲུབ་པའི་ འཐོན་ཁུངས་དེ་ དངུལ་ཀྲམ་ཐེར་འབུམ་ ༤༥༦.༣༤ འོང་ནི་ཨིནམ་ད་ དེ་གི་ལྷག་ལུས་ དངུལ་ཀྲམ་ཐེར་འབུམ་ ༥༥.༩༣ རྩིས་ཆད་ཐོན་ནུག།
འཆར་གཞི་ ༡༣ པའི་ འཆར་དངུལ་ལུ་ ནང་འཁོད་འོང་འབབ་ཐོག་ལས་ དངུལ་ཀྲམ་ཐེར་འབུམ་ ༣༢༧.༣༤ དང་ ཕྱི་ཁ་ལས་ གནང་སྦྱིན་སྦེ་ དངུལ་ཀྲམ་ཐེར་འབུམ་ ༡༢༥ འཐོབ་ནི་ཨིན་པའི་ ཚོད་རྩིས་ཨིན་པས།
གནད་དོན་དེ་གི་སྐོར་ལས་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ རྒྱལ་ཡོངས་ཚོགས་འདུའི་ནང་ འཆར་གཞིའི་དམིགས་དོན་གཙོ་བོ་ར་ རྒྱལ་ཁབ་འདི་ འོང་འབབ་མཐོ་དྲགས་ཡོད་པའི་ རྒྱལ་ཁབ་ལུ་ བསྒྱུར་ནི་དེ་ཨིནམ་ལས་ འཆར་གཞི་འདི་ མཇུག་བསྡུཝ་ད་ ནང་འཁོད་འཐོན་སྐྱེད་ཡོངས་འབོར་ ཡུ་ཨེཛ་ཌོ་ལར་ཐེར་འབུམ་ ༥ བཟོ་ནི་སྦེ་ཨིནམ་བཞིན་དུ་ སྤྱི་ལོ་ ༢༠༢༩ འཐོན་པའི་བསྒང་ལས་ ངོ་རྐྱང་ནང་འཁོད་འཐོན་སྐྱེད་ ཡུ་ཨེཛ་ཌོ་ལར་ ༦,༡༧༤ དེ་རེ་ལུ་ བཀལ་ནི་གི་ དམིགས་གཏད་ཨིནམ་སྦེ་ཞུ་ནུག།
འཆར་གཞི་ ༡༣ པའི་ རྩིས་ཆད་དེ་ཡང་ གཙོ་བོ་ར་ ཕྱི་ཁའི་དངུལ་འབྲེལ་གཙུག་སྡེ་ ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་དང་ འཛམ་གླིང་དངུལ་ཁང་ལ་སོགས་པ་ཚུ་ལས་ སྐྱེད་ཆུང་སྐྱིན་འགྲུལ་ཚུ་ ལེན་ནི་དང་ རྒྱལ་ཁབ་ནང་འཁོད་ལས་ གཞུང་གི་དངུལ་སྤྲོད་འགན་ལེན་དང་ མཛོད་དངུལ་ཤོག་འཛིན་ཚུ་ བཀྲམ་སྤེལ་གྱི་སྒོ་ལས་ བསུབ་ཐབས་བསྒྲིག་ནི་ཨིན་པས།
དེ་འབདཝ་ལས་ འཆར་གཞི་ ༡༣ པ་ མཇུག་བསྡུཝ་ད་ མི་མང་བུ་ལོན་དེ་ དངུལ་ཀྲམ་ས་ཡ་ ༤༧༤,༤༡༩.༠༦ ལུ་ གནས་ནི་དང་ ནང་འཁོད་འཐོན་སྐྱེད་ཡོངས་འབོར་ བརྒྱ་ཆ་ ༩༤.༨ དེ་ཅིག་ལུ་ གནས་ནི་གི་ ཚོད་རྩིས་བཏོན་ནུག།
བུ་ལོན་དེ་གི་ཐོག་ལས་ ཕྱི་ཁའི་བུ་ལོན་ དངུལ་ཀྲམ་ས་ཡ་ ༣༩༢,༦༧༣.༠༤ འབད་ས་ལས་ བརྒྱ་ཆ་ ༧༣.༣ པོ་དེ་ གློག་མེའི་དོན་ལུ་ལེན་པའི་ བུ་ལོན་དང་ ལྷག་ལུས་བརྒྱ་ཆ་ ༢༦.༧ པོ་དེ་ གློག་མེའི་དོན་ལུ་མིན་པའི་ བུ་ལོན་ཨིན་པས།
འཆར་གཞི་ ༡༣ པའི་ གཙོ་རིམ་ཚུ་ཡང་ གསོ་བ་དང་ ཤེས་རིག་ མི་སྡེ་ཉེན་སྲུང་ འཐོན་སྐྱེད་ཡར་དྲགས་ ཚོང་ལམ་རྒྱ་སྐྱེད་ རྐྱེན་ངན་འཛིན་སྐྱོང་ གནད་འགག་ཅན་གྱི་ གཞི་རྟེན་མཁོ་ཆས་ཉེན་སྲུང་ སྒེར་སྡེ་བཙན་ཐབས་ ཨང་གནས་ གཞི་རྟེན་མཁོ་ཆས་བཙན་ཐབས་ དྭངས་གསལ་དང་ མི་སེར་ལུ་ དགོས་མཁོ་ཡོད་པའི་ ཞབས་ཏོག་ཚུ་ སྤྲོད་ནིའི་དོན་ལས་ འབྲེལ་ཡོད་གཙུག་སྡེ་ཚུ་གི་ བཙན་ཐབས་ཚུ་ཚུད་ནུག།
ལོ་ལྔའི་འཆར་གཞི་ ༡༣ པའི་ འཆར་དངུལ་ཚུ་གི་ནང་ལས་ གཙོ་བོ་དག་པ་ཅིག་ཡང་ རྒྱལ་ཁབ་ནང་ འབྲུག་མི་ཚུ་ རིག་རྩལ་དང་ ལག་རྩལ་ཅན་ བཟོ་ནིའི་དོན་ལས་ དངུལ་ཀྲམ་ཐེར་འབུམ་ ༡༠ དང་ ཨང་གནས་གཞི་སྒྱུར་ལུ་ དངུལ་ཀྲམ་ཐེར་འབུམ་ ༡༠ ཤེས་རིག་གཞི་སྒྱུར་ལུ་ དངུལ་ཀྲམ་ཐེར་འབུམ་ ༣༠ འཕྲོད་བསྟེན་དང་ལྡན་པའི་ འབྲུལ་ཡུལ་ལས་རིམ་ལུ་ དངུལ་ཀྲམ་ཐེར་འབུམ་ ༢༠ དེ་ལས་ གསོ་བའི་ལས་སྡེའི་ནང་ མི་སེར་གྱི་ འཕྲོད་བསྟེན་ལུ་ དངུལ་ཀྲམ་ཐེར་འབུམ་ ༧ གཞི་བཙུགས་འབད་ནི་ཨིན་པས།
སྤྱིར་བཏང་ལུ་ ལོ་ལྔའི་འཆར་གཞི་ ༡༣ པའི་ནང་ དཔལ་འབྱོར་གྱི་ དོ་འགྲན་ཚུ་དང་ སྒེར་སྡེ་བཙན་ཐབས་ ཐབས་བྱུས་ཅན་གྱི་ གཞི་རྟེན་མཁོ་ཆས་གོང་འཕེལ་ སོ་ནམ་དང་ སྒོ་ནོར་གོང་འཕེལ་ ཕྱིའི་ཐད་ཀར་གྱི་ མ་རྩ་གཞི་བཙུགས་ ནགས་ཚལ་ལུ་བརྟེན་པའི་འཚོ་སྐྱོང་ བཙོག་རླུང་ཀཱར་བཱོན་གྱི་ཚོང་ལམ་ རང་བཞིན་གནས་སྟངས་དང་འབྲེལ་བའི་ བལྟ་བཤལ་ལ་སོགས་པ་ཚུ་ནང་ གཙོ་རིམ་བཟུང་ནི་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1392862
Views Today :
Total views : 5000
Who's Online :