མི་དབང་མཆོག་གིས་ བདེ་ཆེན་ཆོས་གླིང་ ཉི་དྲོད་གསར་བཏོད་ལས་འགུལ་གྱི་ ས་ཁོངས་ནང་གཟིགས་ཞིབ།

སྤྱི་ཟླ་ ༦ པའི་ཚེས་ ༡༤ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་བདེ་ཆེན་ཆོས་གླིང་ བདེ་སྲུང་རིག་རྩལ་གོང་འཕེལ་ལས་རིམ་གྱི་འོག་ལུ་ཡོད་མི་ ཉི་དྲོད་གསར་བཏོད་ལས་འགུལ་གྱི་ ས་ཁོངས་ནང་ གཟིགས་ཞིབ་གནང་ནུག།
དེ་ཡང་ བདེ་སྲུང་རིག་རྩལ་གོང་འཕེལ་ལས་རིམ་གྱི་ ཉི་དྲོད་གསར་བཏོད་ལས་འགུལ་ གོ་རིམ་དང་པའི་ནང་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༥ པའི་ཚེས་ ༢༩ ལུ་ ཐིམ་ཕུ་བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་གྱི་ཐོག་ཁར་ ཀི་ལོ་ཝཱཊ་ ༢༥༠ འབད་མི་ ཉི་དྲོད་གློག་མེ་ཅིག་ མཐར་འཁྱོལ་ཅན་སྦེ་ གཞི་བཙུགས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༥ པའི་ཚེས་ ༩ ལུ་ བདེ་ཆེན་ཆོས་གླིང་ལུ་ཡང་ ཀི་ལོ་ཝཱཊ་ ༥༠༠ འབད་མི་ ཉི་དྲོད་གློག་མེ་ཅིག་ གཞི་བཙུགས་འབད་ཡོདཔ་ད་ གློག་མེ་ལས་འགུལ་དེ་ འབྲུག་མཐའ་འཁོར་ཉམས་སྲུང་ བློ་གཏད་མ་དངུལ་ནང་ལས་ གློག་མེ་ཀི་ལོ་ཝཱཊ་རེ་ལུ་ དངུལ་ཀྲམ་ ༥༤,༠༠༠ རེ་ ཟད་འགྲོ་བཏང་སྟེ་ བཟོ་བསྐྲུན་འབད་ནུག།
བདེ་སྲུང་རིག་རྩལ་གོང་འཕེལ་ལས་རིམ་གྱི་ ཉི་དྲོད་ལས་འགུལ་ གོ་རིམ་ ༢ པའི་ནང་ བདེ་ཆེན་ཆོས་གླིང་ལུ་ ས་ཐོག་ཉི་དྲོད་གློག་མེ་ མེ་ག་ཝཱཊ་ ༢.༡ འབད་མི་དང་ སྤང་སྦིས་ས་ འབྲུག་རྒྱལ་པོའི་གཙུག་སྡེའི་ནང་ ཁྱིམ་ཐོག་ཉི་དྲོད་གློག་མེ་ མེ་ག་ཝཱཊ་ ༡.༥ དེ་ལས་ བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ལུ་ ཁྱིམ་ཐོག་ཉི་དྲོད་གློག་མེ་ ཀི་ལོ་ཝཱཊ་ ༢༠༠ ཁ་སྐོང་སྦེ་ བཙུགས་ནི་ཨིན་མི་ཚུ་ ཚུདཔ་ཨིན་པས།
བདེ་ཆེན་ཆོས་གླིང་གི་ ཉི་དྲོད་གློག་མེ་ལས་འགུལ་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༦ པའི་ཚེས་ ༡ ལུ་ གཞི་བཙུགས་ཡོདཔ་ད་ ད་རེས་ ལས་འགུལ་དེ་ནང་ བདེ་སྲུངཔ་ ༤༠ ཡོད་མི་ཚུ་ བདེ་སྲུང་རིག་རྩལ་གོང་འཕེལ་ལས་རིམ་འོག་ལུ་ ཉི་དྲོད་གསར་བཏོད་ལས་འགུལ་ ལག་ལེན་སྡེ་ཚན་གྱིས་ བལྟ་རྟོག་འབད་དོ་ཡོདཔ་ཨིན་པས།
ལས་འགུལ་དེ་ཡང་ རྒྱལ་ཁབ་ཀྱི་ ནུས་ཤུགས་འཐོན་ཁུངས་ཚུ་ ཆུར་བརྟེན་གློག་མེའི་ཕྱི་ཁར་ རྒྱ་སྐྱེད་གཏང་ཐབས་ལུ་ འབྲུག་གི་ཉི་དྲོད་གློག་མེ་ གི་ག་ཝཱཊ་ ༡༢ ཀྱི་ གོ་སྐབས་ཡོད་མི་ལུ་ ལྷན་ཐབས་ཀྱི་དོན་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ཏེ་ གཞི་བཙུགས་འབད་ནུག།
གློག་མེ་ལས་འགུལ་དེ་གི་ ཁྲི་འཛིན་དེ་ ཧེ་མ་ འབྲུག་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་སྦེ་ ཕྱག་ཞུ་མི་ སྐུ་སྒེར་ཚོགས་སྡེའི་འཐུས་མི་ དྲག་ཤོས་བྷ་རཱཏ་ཏ་མང་གི་ ཁྲི་འཛིན་འོག་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
བདེ་སྲུང་རིག་རྩལ་གོང་འཕེལ་ལས་རིམ་གྱི་འོག་ལུ་ ཉི་དྲོད་གསར་བཏོད་ལས་འགུལ་གྱིས་ འབྲུག་གི་ནུས་ཤུགས་ཉེན་སྲུང་ ཡར་དྲགས་གཏང་ནི་དང་ མཐའ་འཁོར་ཉམས་སྲུང་འཐབ་ནི་ དེ་ལས་ ཉི་དྲོད་གློག་མེའི་ འཕྲུལ་རིག་དང་ དཔལ་འབྱོར་གྱི་ འོས་འབབ་སྟོན་ནི་དང་ གཞུང་སྒེར་གཉིས་ཆ་ར་གིས་ ཉི་དྲོད་གློག་མེ་ ལག་ལེན་འཐབ་ནི་ལུ་ སེམས་ཤུགས་སྐྱེད་བཅུག་ནི་ཚུ་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།
དེ་མ་ཚད་ བདེ་སྲུང་རིག་རྩལ་གོང་འཕེལ་ལས་རིམ་བརྒྱུད་དེ་ ས་གནས་ཀྱི་ ཁྱད་རིག་གོང་འཕེལ་ གཏང་ཐབས་འབད་ནི་དེ་ཡང་ ལས་འགུལ་དེ་གི་ དམིགས་གཏད་ཨིན་པའི་གནས་ཚུལ།

Please follow and like us: