
ང་བཅས་རའི་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ནང་ ལོ་བསྟར་བཞིན་དུ་ རང་ཟླ་ ༥ པའི་ཚེས་ ༡༠ ལུ་ བསྟན་རྩིས་དང་ ཕུག་རྩིས་ ༢ དགོངས་མཐུན་ཐོག་ལས་ སྤྲེལ་ཟླ་ཚེས་བཅུ་ཟེར་ ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་ཆེན་ ཁྱད་པར་ཅན་སྦེ་ བརྩི་སྲུང་ཞུཝ་བཞིན་དུ་ གཞུང་སྒེར་གྱི་ ཡིག་ཚང་ཁག་དང་ སློབ་གྲྭ་ཚུ་ག་ར་ གཞུང་འབྲེལ་ངལ་གསོ་སྦེ་ བཞག་གནངམ་ཨིན།
དེ་ཡང་ འཇམ་དཔལ་སྐུ་སྤྲུལ་འདྲ་བ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིགས་སྔགས་འཆང་། །ཟེར་བའི་ བསྟོད་པའི་ཚིག་གིས་ གུ་རུ་རིན་པོ་ཆེ་དེ་ སྤྱིར་བདེ་བཞིན་གཤེགས་པ་ག་ར་གི་ གསུང་གི་བདག་ཉིད་ཅན་ཅིག་ཨིན་པས།
དེ་གི་ནང་ལས་ཡང་ སྤྱི་ལོ་ ༨༧༧ ལུ་ ཨོ་རྒྱན་ཡུལ་ཀྱི་ལྷོ་ཕྱོགས་ སིནྡྷུའི་རྒྱ་མཚོའི་ནང་ མགོན་པོ་འོད་དཔག་མེད་ཀྱི་ ཐུགས་ཀ་ལས་ གསེར་གྱི་རྡོ་རྗེ་ཧྲཱིཿ ས་མཚན་པ་ཅིག་ འཕྲོ་མི་ལས་ མེ་ཏོག་པདྨའི་སྦུབས་ནང་ ལོ་ ༨ ཀྱི་ ལང་ཚོ་ཅན་གྱི་ ཨ་ལོ་བཟུམ་ཅིག་ ཕྱག་ལུ་རྡོ་རྗེ་དང་ མེ་ཏོག་པདྨ་བསྣམས་ཏེ་ སྐུ་འཁྲུངས་ནུག།
དེ་སྦེ་ སྐུ་འཁྲུངས་པའི་ གནས་ཕུན་སུམ་ཚོགས་པ་ དབུས་མི་འགྱུར་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ ཨོ་རྒྱན་ཡུལ་གྱི་ ལྷོ་ནུབ་ཁ་ཐུག་ལུ་ སྲིན་པའི་ཡུལ་དང་ ས་ཐག་ཉེ་བའི་ དྷ་ན་ཀོ་ཤའི་མཚོའམ་ སྲིན་དྷུའི་མཚོ་གླིང་ལུ་ ཁ་མདོག་སྣ་ཚོགས་དང་ལྡན་པའི་ མེ་ཏོག་པདྨ་སྡོང་པོའི་ སྦུབས་ལུ་དང་།
དུས་ཕུན་སུམ་ཚོགས་པ་ སངས་རྒྱས་མྱ་ངན་ལས་འདས་ཏེ་ མི་ལོ་ ༥ གི་རྒྱབ་ལས་ ཤིང་ཕོ་སྤྲེལ་ལོ་ སྤྲེལ་གྱི་ཟླ་བའམ་ རང་ཟླ་ ༥ པའི་ཚེས་ ༡༠ གྱི་དྲོ་པར་ ཉི་ཤར་གྱི་དུས་ལུ་ ཕ་མེད་མ་མེད་ རང་བྱུང་སྤྲུལ་པའི་སྐུ་ལུ་ ཨ་ལོ་ཆུང་ཀུ་ ལོ་ ༨ ཀྱི་ ལང་ཚོ་བཟུམ་ཅིག་སྦེ་ སྐུ་འཁྲུངསམ་དང་གཅིག་ཁར་ མཚན་དང་ དཔེ་བྱད་ཆ་ཚང་ སྐུ་ལུ་རྫོགས་ཏེ་ ཕྱག་གཡས་པར་རྡོ་རྗེ་དང་ གཡོན་པར་པདྨ་བསྣམས་ཐོག་ལས་ པདྨ་སྡོང་པོའི་རྩེ་ལུ་བཞུགས་ནུག།
དེ་བསྒང་ ནུབ་ཕྱོགས་ཀྱི་རྒྱལཔོ་ ཨིནྜ་བོ་དྷི་ལུ་ སྲས་མེད་པར་ ཡར་དཀོན་མཆོག་ལུ་ མཆོད་པ་དང་ མར་ངན་སློང་ལུ་ སྦྱིན་པ་གནང་སྟེ་ བང་མཛོད་རྫོགས་སོངཔ་ལས་ རྒྱ་མཚོའི་གླིང་ལུ་ ཡིད་བཞིན་གྱི་ནོར་བུ་ ལེན་པར་བྱོན་ས་ལས་ ལོག་བྱོན་པའི་ལམ་ཁར་ དང་པ་ར་ ཆོས་བློན་ཏྲི་ན་འཛིན་གྱིས་ མཇལ་ཡོདཔ་ཨིན་པས།
དེ་ལས་ ཆོས་བློན་དེ་གིས་ རྒྱལ་པོ་ལུ་ དགོངས་སྐོར་ཞུཝ་བཞིན་དུ་ རྒྱལ་པོ་གིས་ མེ་ཏོག་པདྨའི་སྡོང་པོ་ལས་ གདན་འདྲེན་ཞུ་སྟེ་ ས་ཁར་བཞགཔ་ད་ པདྨའི་གདན་ ལོག་ཅི་ར་བྱུངམ་ལས་ པདྨ་བྱུང་གནས་ཟེར་ མཚན་གསོལ་ཞུ་ནུག།
ག་དེ་སྦེ་ར་ཨིན་རུང་ རྒྱལཔོ་ཡ་མཚན་ཆེ་སྟེ་ ཁྱོད་ཀྱི་ཡབ་ག་སྨོ? ཁྱོད་ཀྱི་ཡུམ་ག་སྨོ? གཡུས་ག་ཏེ་ལས་སྨོ? གསོལ་ཚོགས་ག་ཅི་བཞེསཔ་སྨོ? ཕྱག་ལཱ་ག་ཅི་གནངམ་སྨོ? ཟེར་བའི་ དྲི་བ་ ༥ ཞུ་བའི་ལན་ལུ།
རང་བྱུང་སྤྲུལ་པའི་སྐུ་གིས་ ང་ཡི་ཕ་ནི་རིག་པའི་ཡེ་ཤེས་ཡིན། །མ་ནི་དབྱིངས་ཕྱུག་ཀུན་ཏུ་བཟང་མོ་ཡིན། །ཡུལ་ནི་ཆོས་དབྱིངས་སྐྱེ་བ་མེད་པ་ཡིན། །རིགས་ནི་དབྱིངས་རིག་གཉིས་སུ་མེད་པར་གཏོགས། །ཟས་སུ་གཉིས་སྣང་རྟོགས་པ་ཟ་བ་ཡིན། །འདིར་ནི་ཉོན་མོངས་གསོད་པའི་སྤྱོད་པ་སྐྱོང་། །ཟེར་གསུངསམ་ལས་ ཡ་མཚན་ཅན་གྱི་ གནས་ལུ་གཟིགས་ཏེ་ ཕོ་བྲང་ནང་ གདན་འདྲེན་ཞུ་ཞིནམ་ལས་ སྲས་ཀྱི་ཚབ་ལུ་ རྒྱལ་སྲིད་ཕུལ་ཡོདཔ་མ་ཚད་ མཚན་ཡང་མཚོ་སྐྱེས་རྡོ་རྗེ་ཟེར་ གསོལ་ཡོདཔ་ཨིན་པས།
དེ་ལས་ རིམ་པ་བཞིན་དུ་སྦེ་ རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་ཏེ་ བཞུགས་པའི་ཤུལ་ལུ་ འགྲོ་དོན་དཔག་མེད་པའི་ ལོ་རྒྱུས་ལེ་ཤ་ཅིག་ཡོད་པའི་ནང་ལས་ མདོར་བསྡུ་བ་ཅིན་ གངས་བྲག་ ༢༠ དང་ སྒྲུབ་གནས་ ༢༡ གནས་ཆེན་ ༢༥ སྦས་ཡུལ་གྱི་རྒྱལཔོ་ ༣ ལུང་ ༥ ལྗོངས་ ༣ གླིང་ ༡ གིས་མཚོན་པའི་ ཧི་མ་ལ་ཡའི་ རི་རྒྱུད་ཀྱི་ ས་གནས་ཚུ་ནང་ ཞབས་བཅགས་མཛད་ནུག།
ནེ་ཅིག་གི་བར་ན་ བོད་ཀྱི་རྒྱལཔོ་ ཁྲི་བཙོང་ལྡེའུ་བཙན་ གཤགས་སོངཔ་ལས་ ལྷ་སྲས་མུ་ཁྲི་བཙན་པོ་ རྒྱལ་པོར་མངའ་གསོལ་ཞུ་བའི་ཤུལ་ལས་ ལོ་ངོ་ ༥ དང་ ཟླཝ་ ༦ བཞུགས་ཏེ་ ཆོས་སྲིད་ཀྱི་ བསླབ་བྱ་ཡོངས་རྫོགས་ གནང་ཡོདཔ་མ་ཚད་ ཧི་མ་ལ་ཡའི་ རི་ཁྲོད་ལུ་ཡང་ ལོ་ངོ་ ༥༥ དང་ ཟླཝ་ ༦ བཞུགས་ཏེ་ འགྲོ་དོན་ཚད་མེད་ མཛད་གནང་ཡོདཔ་ཨིན་པས།
སྤྱི་ལོ་ ༨༧༦ ལུ་ གུང་ཐང་ལ་ལས་ རྟ་མཆོག་གི་ ཆིབས་དང་སྦྲགས་ཏེ་ བར་སྣང་ལས་ ལྷོ་ནུབ་སྲིན་པོའི་གཡུས་ཁར་བྱོན་ཏེ་ སྲིན་པོའི་རྒྱལཔོ་ རཀྴ་ཐོད་ཕྲེང་ དག་པའི་ཞིང་ལུ་ གནས་སྤར་གནང་ཞིནམ་ལས་ དེ་གི་གསོབ་ནང་བཞུགས་ཏེ་ སྲིན་པོའི་གླིང་ ༨ ལུ་ སྤྲུལ་པ་རེ་རེ་ སྤྲུལ་ཞིནམ་ལས་ སྲིན་པོ་ཚུ་ བཏུལ་གནང་སྟེ་ འཛམ་བུའི་གླིང་གི་མི་ཚུ་ སྲོག་གི་འཇིགས་པ་ལས་ སྐྱབས་མཛད་གནང་པའི་ཁར་ ད་ལྟོའི་བར་ན་ཡང་ རིག་འཛིན་ ༦ པའི་ རྒྱལ་ཚབ་ལུ་ སྐུ་དངོས་སུ་སྦེ་ བཞུགས་ཏེ་ཡོདཔ་ཨིན་པས།
ད་རིས་ ང་བཅས་རའི་ འབྲུག་མི་ཚུ་གིས་ དུས་ཆེན་ཁྱད་པར་ཅན་སྦེ་ བརྩི་སྲུང་ཞུ་དགོ་མི་འདི་ གཙོ་བོ་ར་ གུ་རུ་རིན་པོ་ཆེ་གིས་ དང་པར་དུ་ དུས་རབས་ ༨ པའི་ནང་ རྒྱལ་ཁབ་འདི་ནང་བྱོན་ཏེ་ བདུད་ཚུ་བཏུལ་ཞིནམ་ལས་ གསང་སྔགས་ཀྱི་ ཆོས་འཁོར་བསྐོར་ཏེ་ ས་གཞི་ཚུ་ག་ར་ སྦས་གནས་ལུ་ བྱིན་གྱིས་བརླབས་ ཟབ་མོའི་གཏེར་ཁ་ཚུ་ སྦ་བཞག་སྟེ་ དགེ་བ་སྒྲུབ་པའི་ དད་རྟེན་ལུ་ ཕྱག་རྗེས་དང་ ཞབས་རྗེས་ སྐུ་རྗེས་ལ་སོགས་པ་ཚུ་ མང་རབས་ཅིག་ བཞག་གནང་པའི་ བཀའ་དྲིན་གྱི་ བདག་ཉིད་ཅིག་ཨིན་པས།
དེ་མ་ཚད་ གུ་རུ་རིན་པོ་ཆེ་དེ་ སངས་རྒྱས་ག་ར་དང་གཉིས་སུ་མེད་པའི་ ཐུགས་ཀྱི་ངོ་བོ་ མཁྱེན་བརྩེ་ནུས་པ་ཅན་ཅིག་ཨིན་པའི་ཁར་ ལྷག་པར་དུ་ཡང་ ང་བཅས་རའི་ གངས་ཅན་སྨན་ལྗོངས་ཀྱི་ དུས་ངན་སྙིགས་མའི་ འགྲོ་བའི་སྡུག་བསྔལ་ཚུ་ལས་ སྐྱབས་མཛད་ནི་གི་ ཞལ་བཞེས་མཛད་གནང་ནུག།
དེ་འབདཝ་ལས་ གུ་རུ་རིན་པོ་ཆེ་ལུ་ ཡིད་ཆེས་འགྱུར་བ་མེད་པའི་སྒོ་ལས་ དད་པ་བསྐྱེད་དེ་ ཚིག་བདུན་གསོལ་འདེབས་ཀྱིས་ སྣ་དྲངས་ཏེ་ སྤྱིར་ཚེས་ ༡༠ ག་ར་དང་ ལྷག་པར་དུ་ སྤྲེལ་ཟླའི་ཚེས་ ༡༠ ལུ་ གསོལཝ་བཏབ་པ་ཅིན་ ཚེ་འདི་ཕྱི་གཉིས་ཀར་ བྱིན་རླབས་དང་ དངོས་གྲུབ་ཚུ་ བད་མེད་ལྷུན་གྱིས་ གྲུབ་ཚུགས་པའི་ ནུས་པ་ཡོདཔ་སྦེ་ གསུངས་ཏེ་ཡོད་པའི་སྐོར་ལས་ རྒྱལ་བ་གོངམ་ཚུ་གིས་ གསུངསམ་ཨིན་པས་ཟེར་ ཞུ་ནི་ཨིན།




Users Today : 253
Users Yesterday : 1729
This Month : 4055
This Year : 183958
Total Users : 895774
Views Today : 1556
Total views : 2631873
Who's Online : 5