ར་ཤི་ཡའི་སྲིད་འཛིན་ པུ་ཊིན་དང་ བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱི་བར་ན་མཇལ་ཕྲད།

རོའི་ཊརཛ།
སྤྱི་ཟླ་ ༦ པའི་ཚེས་ ༡༩ ལུ་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་པུ་ཊིན་དེ་ བྱང་ཀོ་རི་ཡ་ལུ་ གཟིགས་སྐོར་གནང་པར་ བྱོན་ཡོདཔ་བཞིན་དུ་ པི་ཡོང་ཡང་ གནམ་གྲུ་ཐང་ནང་ ཕེབས་པའི་སྐབས་ལུ་ བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱིས་ བསུ་ལེན་མཛད་པའི་ཤུལ་ལས་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་གོང་འཕེལ་གཏང་ནི་ལུ་ ཞལ་འཆམ་བྱུང་ནུག།
པུ་ཊིན་གྱིས་ ད་ཚུན་ ལོ་ངོ་ ༢༤ གི་ ནང་འཁོད་ལུ་ བྱང་ཀོ་རི་ཡར་ གཟིགས་སྐོར་གནང་པར་ བྱོན་ནི་དེ་ འགོ་དང་པ་ཨིནམ་ད་ ད་རེས་ གཟིགས་སྐོར་ལུ་ བྱོན་མི་དེ་གིས་ ར་ཤི་ཡ་དང་ བྱང་ཀོ་རི་ཡའི་ རྒྱལ་ཁབ་ ༢ རྒྱལ་སྤྱི་དང་མ་མཐུན་པའི་ རྒྱལ་ཁབ་ཐ་དད་ཅན་ལུ་འགྱུར་བའི་ དུས་སྐབས་ནང་ ཁོང་ ༢ ཀྱི་བར་ན་ མཐུན་ལམ་བསྐྱར་བཀོད་འབད་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།
ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་པུ་ཊིན་ གཟིགས་སྐོར་སྐབས་ལུ་ སྲིད་འཛིན་ ༢ ཀྱི་བར་ན་ གསུང་གྲོས་ཚུ་ གནང་པའི་ཤུལ་ལས་ སྤྲོད་སྟོན་ལས་རིམ་དང་ ཚོགས་སྟོན་ དེ་ལས་ གསལ་བསྒྲགས་ཚུ་གུ་ མཚན་རྟགས་བཀོད་ནི་ཚུ་ འགོ་འདྲེན་འཐབ་ནུག།
ར་ཤི་ཡ་གིས་ བྱང་ཀོ་རི་ཡ་དང་གཅིག་ཁར་ མཐུན་ལམ་དམ་ཟབ་ བཟོ་ཐབས་འབད་མི་དེ་ཡང་ ཡུ་ཨེཛ་ལུ་ ཁབ་གསོབ་དོ་བཟུམ་མའི་ ཚོར་སྣང་བསྐྱེད་བཅུག་ཐབས་ལུ་ཨིནམ་ད་ ཡུ་ཨེཛ་གིས་ བྱང་ཀོ་རི་ཡ་ལུ་ འབྲེལ་བ་བཀག་དམ་འབད་མི་ དཔལ་འབྱོར་དང་ ཚོང་འབྲེལ་གྱི་དོན་ལུ་ སྲིད་དོན་གྱི་ རྒྱབ་སྐྱོར་ཚུ་ཡང་འབད་ནི་གི་ ཁས་ལེན་འབད་ཡོདཔ་ཨིན་པས།
ཡུ་ཨེཛ་དང་ མཐུན་ལམ་རྒྱལ་ཁབ་ཚུ་གིས་འབད་བ་ཅིན་ ར་ཤི་ཡ་གིས་ བྱང་ཀོ་རི་ཡ་ལུ་ མི་ཛ་ཡེལ་དང་ རྡུལ་ཕྲན་མཚོན་ཆའི་ ལས་རིམ་ཚུ་ནང་ གྲོགས་རམ་འབད་བར་ཨིན་པའི་ ཚ་གྱང་ཡོད་ལུགས་ཚུ་བཤད་ནུག།
དེ་བཟུམ་མའི་ མཚོན་ཆའི་རིགས་ གོང་འཕེལ་བཏང་ནི་དེ་ འཛམ་གླིང་སྤྱི་ཚོགས་ སྲུག་སྐྱོབ་ལྷན་ཚོགས་ཀྱི་ གྲོས་ཆོད་ལྟར་དུ་ བཀག་དམ་འབད་དེ་ཡོདཔ་མ་ཚད་ ལྷན་ཚོགས་དེ་གིས་ བྱང་ཀོ་རི་ཡ་གིས་ ར་ཤི་ཡ་ལུ་ ཡུ་ཀེ་རེན་དང་གཅིག་ཁར་ ཕྱད་མདའི་དོན་ལས་ མགྱོགས་ཤུགས་ཅན་དང་ ནུས་ཤུགས་ཅན་གྱི་ མི་ཛ་ཡེལ་ཚུ་གི་ གྲོགས་རམ་འབད་དོ་ཡོད་པའི་ ཉེས་ཁ་བཀལ་ཡོདཔ་ཨིན་པས།
ཨིན་རུང་ རྒྱལ་ཁབ་གཉིས་ཆ་རའི་ ཁ་ཐུག་ལས་ དེ་བཟུམ་མའི་ མཚོན་ཆ་ཚུ་ བརྗེ་སོར་འབད་འབདཝ་མེདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: