ཨིཛ་རེལ་གྱི་ དམག་མི་ཚུ་གིས་ པེ་ལིཛ་ཊིན་གྱི་ སྐྱབས་བཅོལ་བའི་སྡོད་སྒར་ ར་ཕ་ཁྲོམ་ཁར་ མི་གྲངས་ ༨ དམར་བསད།

རོའི་ཊརཛ།
སྤྱི་ཟླ་ ༦ པའི་ཚེས་ ༡༩ ལུ་ ཨིཛ་རེལ་དང་ ཧ་མཱཛ་གི་ ཕྱད་མདའི་ནང་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ མཁའ་དམག་གནམ་གྲུ་དང་ ཌྲཱོན་ཚུ་གི་ རྒྱབ་སྐྱོར་ཐོག་ལས་ གོ་མཚོན་སྟོབས་ཚུ་གིས་ ས་ཐོག་ལས་ ག་ཟ་ཁྲོམ་གྱི་ ནུབ་ཕྱོགས་ཁ་ཐུག་ལུ་ཡོད་མི་ ར་ཕ་ཁྲོམ་ཁར་འཛུལ་ཏེ་ མི་སེར་ ༨ དམར་བསད་འབད་ནུག།
ར་ཕ་ལུ་ སྡོད་མི་ཚུ་གིས་འབད་བ་ཅིན་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ར་ཕའི་ས་ཁོངས་ ༥ གི་ནང་ སྟོབས་དང་ ཀྲོབ་མདའ་ཚུ་ ལག་ལེན་འཐབ་སྟེ་ སྐྱབས་བཅོལ་བའི་སྒར་ཚུ་གུ་ ཕོག་ཡོདཔ་ལས་ ས་ཁོངས་ཨཱལ་མ་ཝ་སི་ཟེར་སར་ སྡོད་མི་ཚུ་ ས་གནས་གཞན་ཁར་ སྤོ་དགོཔ་ཐོན་ཡི་ཟེར་ཨིན་པས།
ཨིཛ་རེལ་དང་ ཧ་མཱསི་གི་བར་ན་ ཕྱད་མདའ་ལང་སྟེ་ ཟླཝ་ ༨ སོང་ཡོདཔ་ད་ ཡུ་ཨེཛ་གི་ རྒྱབ་སྐྱོར་ཐོག་ལས་ ཕྱད་མདའ་དེ་ མཚམས་འཇོག་འབད་དགོཔ་སྦེ་ ནང་འགྲིག་འབད་མི་ རྒྱལ་སྤྱིའི་རྒྱལ་ཁབ་ཚུ་གིས་ གྲུབ་འབྲས་ག་ནི་ཡང་ བཏོན་མ་ཚུགསཔ་ཨིན་པས།
དེ་མ་ཚད་ ལྷོ་ཕྱོགས་ག་ཟའི་ ས་གནས་གཞན་ཅིག་གི་ནང་ཡང་ པེ་ལིཛ་ཊིན་གྱི་ མི་སེར་དང་ ཚོང་ལཱ་འབད་མི་ ༡༢ ཡང་ དམར་བསད་འབད་ཡོདཔ་ད་ དེ་བསྒང་ ཁོང་ཆ་ཁྱབ་ གྲོགས་རམ་གྱི་ ཅ་ཆས་སྐྱེལ་མི་ སྣུམ་འཁོར་ཚུ་ བསྒུགས་སྡོད་པའི་སྐབས་ལུ་ དམར་བསད་འབད་ནུག།
ར་ཕ་ལུ་ སྡོད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ནུབ་ཕྱོགས་ར་ཕ་ལུ་ ས་ཐོག་ལས་ བཙན་འཛུལ་འབད་དེ་ ཧེ་མ་ཡང་ ག་ཟའི་མི་རློབས་ ས་ཡ་ ༢.༣ འབད་ས་ལས་ ཕྱེད་ཀ་དེ་ཅིག་ སྐྱབས་བཅོལ་བ་སྦེ་ སྡོད་སའི་སྒར་ཚུ་ གཏོར་བཏང་ཡོདཔ་ལས་ དེ་ནང་གི་ མི་སེར་མང་ཤོས་ཅིག་ར་ བྱང་ཕྱོགས་ཁ་ཐུག་ལུ་ འབྱོག་དགོཔ་ཐོན་ཡི་ཟེར་ཨིན་པས།
ག་དེ་སྦེ་ར་ཨིན་རུང་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ གནམ་ནུབ་མོ་ གནམ་གྲུ་དང་ ཌྲཱོན་ སྟོབས་དང་ ཀྲོབ་མདའ་ཚུ་གི་ཐོག་ལས་ གནོད་འཚུབ་བཀལ་ཏེ་ གཉིད་ལོག་སྡོད་མི་དང་སྦྲགས་ཏེ་ མི་སེར་ཚུ་ དམར་བསད་འབད་ཡོདཔ་མ་ཚད་ ལེ་ཤ་ཅིག་ལུ་ རྨ་སྐྱོན་ཚུ་ཡང་ བྱུང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་པའི་གནས་ཚུལ།

Please follow and like us: