
གནམ་ལོ་ཤིང་འབྲུག་ཟླཝ་ ༥ པའི་ཚེས་ ༡༣ སྤྱི་ཟླ་ ༦ པའི་ཚེས་ ༢༠ ལུ་ མོང་སྒར་རྫོང་ཁག་ དགོངས་འདུས་རྒེད་འོག་ བག་ལ་ཡུལ་ཚན་ནང་ཡོད་མི་ བྱང་ཆུབ་ཆོས་གླིང་ལྷ་ཁང་ངམ་ དར་རྒྱས་གླིང་ལྷ་ཁང་གི་ སྐུ་འདྲ་དང་ ལྡེབས་རིས་ཚུ་ ཉམས་གསོ་ལེགས་ཤོམ་སྦེ་ ཞུ་མི་ཡོད་དེ་ལུ་ བཀྲིས་རབ་གནས་གནང་ཡི།
དེ་ཡང་ ཝེ་རིང་ལ་གྲྭ་ཚང་གི་བླམ་མཆོག་ དབུ་བཞུགས་ཐོག་ལུ་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༢༥ དེ་ཅིག་གིས་ གནང་ཡོདཔ་ད་ ལོ་ངོ་ ༢༨༨ དེ་ཅིག་འགྱོ་མི་ ལྷ་ཁང་དེ་ནང་གི་ སྐུ་འདྲ་དང་ ལྡེབས་རིས་ལ་སོགས་པ་ཚུ་ ཧེ་མ་ལས་ ཉམས་སྐྱོན་ཤོར་ཏེ་ཡོད་པའི་ཁར་ ལྷག་པར་དུ་ཡང་ སྤྱི་ལོ་ ༢༠༠༩ ལུ་ ས་ཡོམ་སྦོམ་སྦེ་ རྐྱབ་མི་དེ་གིས་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ཡོད་རུང་ ལྷ་ཁང་འདི་ ས་གནས་མཐའ་ཟུར་ཅིག་ལུ་དང་ མི་སེར་ཚུ་ཡང་ ཉམ་ཆུང་འབདཝ་ལས་ ཉམས་གསོ་ཞུ་མ་ཚུགས་པར་ ལོ་ངོ་མང་རབས་ཅིག་ སོང་ཡོདཔ་ཨིན་པས།
དེ་འབདཝ་ལས་ ཤིང་འབྲུག་ཟླཝ་ ༡ པའི་ཚེས་ ༤ སྤྱི་ཟླ་ ༢ པའི་ཚེས་ ༡༣ ལུ་ ཐིམ་ཕུར་སྡོད་མི་ བག་ལ་སྤྱི་འོག་གི་ མི་ངོམ་དག་པ་ཅིག་ འཛོམས་ཐོག་ལས་ བྱང་ཆུབ་ཆོས་གླིང་ལྷ་ཁང་འདི་ ཉམས་གསོ་ཞུ་ནིའི་དོན་ལུ་ མི་གྲངས་ ༥ འབད་མི་ ཚོགས་ཆུང་ཅིག་ གཞི་བཙུགས་འབད་དེ་ གཡུས་ཚན་དེ་ནང་གི་ མི་སེར་ཕྱི་ཁར་སྡོད་མི་ཚུ་ལས་ མ་དངུལ་ཚུ་ བསྡུ་ལེན་འབད་བའི་གུ་ རྒེད་འོག་བདག་སྐྱོང་གིས་ དངུལ་ཀྲམ་འབུམ་ ༣ གནང་ཡོདཔ་མ་ཚད་ དད་ལྡན་གཞན་ཚུ་ལས་ཡང་ རང་སོའི་དད་པ་དང་བསྟུན་པའི་ ཞལ་འདེབས་ཚུ་ བསྡུ་ལེན་འབད་ཡོདཔ་ད་ དེ་བཟུམ་སྦེ་ གཡུས་ཁའི་མི་སེར་ཚུ་གིས་ཡང་ རྒྱུ་སྦུང་གཉིས་ཆ་རའི་སྒོ་ལས་ རྒྱབ་སྐྱོར་དང་ གྲོགས་རམ་ཚུ་ གང་དྲག་འབད་ནུག།
ཉམས་གསོའི་ལཱ་དེ་ཚུ་ དེ་སྦེ་ དུས་ཡུན་ཐུང་ཀུ་ཅིག་ནང་ བསྒྲུབས་ཚུགས་མི་དེ་ཡང་ དང་པར་དུ་ མ་དངུལ་གྱི་ རྒྱབ་སྐྱོར་དང་ ཞལ་འདེབས་ཚུ་ གང་མགྱོགས་སྦེ་ གནང་ནི་དེ་གིས་ཨིནམ་ད་ གཉིས་པ་ ལྷ་བྲིསཔ་དང་ འཇིམ་བཟོཔ་ཚུ་གིས་ ལཱ་དེ་ཚུ་ ཉིན་མཚན་མེད་པར་ ཚ་གཉེར་བཏོན་པའི་གུ་ གསུམ་པ་ གཡུས་ཁའི་མི་སེར་ཚུ་གིས་ཡང་ རྒྱུ་སྦུང་ ༢ ཀྱི་ རོགས་རམ་དང་ རྒྱབ་སྐྱོར་ཚུ་ ཐོགས་ཆག་མེད་པར་ བྱིན་ནི་དེ་གིས་ཨིན་ཟེར་ ཉམས་གསོ་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ བཤདཔ་ཨིན་པས།
ལྷ་ཁང་ནང་གི་ སྐུ་འདྲ་དང་ ལྡེབས་རིས་ཚུ་ ལ་ལོ་ཅིག་ གསར་བཞེངས་དང་ ལ་ལོ་ཅིག་ ཉམས་གསོ་ཞུ་བའི་ཁར་ ཤིང་ཚོན་ཚུ་ཡང་ ལོག་སྟེ་ར་ བཏང་ཡོདཔ་བཞིན་དུ་ ལས་འགུལ་དེ་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་ ༡.༥ ལྷགཔ་ཅིག་གནས་ནུག།
བྱང་ཆུབ་ཆོས་གླིང་ལྷ་ཁང་གི་ ལོ་རྒྱུས་བཅུད་བསྡུས།
བག་ལ་གཡུས་ཚན་ནང་ཡོད་མི་ བྱང་ཆུབ་ཆོས་གླིང་ལྷ་ཁང་ངམ་ དར་རྒྱས་གླིང་ལྷ་ཁང་གི་སྐོར་ལས་ ཁུངས་ཐུབ་ཀྱི་ཁྲ་མོ་དང་ ཡིག་རིགས་ཚུ་ ག་ནི་ཡང་ མ་ཐོབ་སྟེ་འབད་རུང་ ཕམ་རྒན་ཤོས་ཚུ་གི་ ཁ་རྒྱུན་ལྟར་དུ་སྦེ་ ལོ་རྒྱུས་མདོར་བསྡུས་ཅིག་ ཞུ་ནི་ཨིན།
དེ་ཡང་ ལྷ་ཁང་འདི་ གདུང་བསམ་པདྨ་དགའ་ཚལ་ ཡོང་ལ་དགོན་པའི་ལྷ་ཁང་དང་ དུས་མཉམ་ལུ་ བཞེངས་ཡོད་པའི་ ལོ་རྒྱུས་ཡོདཔ་ད་ དེ་བསྒང་ ཡོང་ལ་དགོན་པའི་ལྷ་ཁང་དང་ བག་ལའི་ལྷ་ཁང་ ༢ བཟོ་རྣམ་ཡང་ ཅོག་འཐདཔ་ཡོད་པའི་ རྣ་རྒྱུན་ལྟར་དུ་འབད་བ་ཅིན་ ཡོང་ལ་དགོན་པའི་ལྷ་ཁང་དེ་ སྤྱི་ལོ་ ༡༧༣༦ ལོར་ བཞེངས་ཡོདཔ་བཞིན་དུ་ བག་ལའི་ལྷ་ཁང་འདི་ཡང་ ལོ་དེ་ནང་ར་ བཟོ་ཆེན་ཅིག་གིས་ བཞེངས་ཡོད་པའི་ ལོ་རྒྱུས་ཨིན་པས།
དེ་མ་ཚད་ སྐུ་རྟེན་གསུང་རྟེན་དང་ ལྡེབས་རིས་ཚུ་ཡང་ གཞན་དང་མ་འདྲ་བའི་ ཁྱད་ཆོས་ཅན་སྦེ་ཡོད་པ་ད་ དེ་ཡང་ མཆོད་བཤམས་རྣམ་རྒྱལ་ཁང་བཟང་གི་ནང་ན་ ཐུགས་རྟེན་བྱང་ཆུབ་མཆོད་རྟེན་ཅིག་ཡོད་མིའི་ བང་རིམ་འདི་ སྐུ་རྟེན་གཙོ་བོ་ བདག་ཅག་གི་སྟོན་པ་ སངས་རྒྱས་ཤཱཀྱ་ཐུབ་པའི་ སྐུ་རྒྱབ་ལས་སྦེ་ རྩེ་མོ་རྡོ་རྗེ་འཆང་གི་ དབུ་དང་མཉམ་པར་ཡོད་པའི་ སྟོན་པའི་གཡོན་ཕྱོགས་ལུ་ ཞབས་དྲུང་ཐུགས་སྤྲུལ་དང་པ་ དཔལ་ངག་དབང་འཇིགས་མེད་གྲགས་པ་མཆོག་གི་ སྐུ་འདྲ་ཅིག་ཡོད་མི་འདི་ ཞབས་སྤྲུལ་རང་གི་ཕྱག་བཟོ་ཨིནམ་སྦེ་ བཤད་སྲོལ་འདུག།
དེ་འབདཝ་ལས་ ལོ་བསྟར་བཞིན་དུ་ རང་ཟླ་ ༨ པའི་ཚེས་ ༡༠ ལུ་ རྣམ་རྒྱལ་ཁང་བཟང་མཆོད་ཁང་ནང་ལས་ སེར་སྦྲེང་དང་བཅསཔ་སྦེ་ གསུང་ཆོག་གནང་སར་ གདན་འདྲེན་ཞུ་སྟེ་ དབང་ཞུ་སྲོལ་ཡོད་པ་ད་ ཞབས་སྤྲུལ་འཇིགས་མེད་གྲགས་པ་མཆོག་ སྤྱི་ལོ་ ༡༧༢༤ ལས་ ༡༧༦༡ ཚུན་ བསྟན་སྲིད་ལུ་ཕན་པའི་ ཕྱག་རྗེས་རྒྱ་ཆེར་མཛད་དེ་ བཞུགས་མི་ལས་ཡང་ ལྷ་ཁང་འདི་ ལོ་དེ་ནང་ བཞེངས་ཡོད་པའི་ ཡིད་ཆེས་མངོན་སུམ་དུ་ བྱུང་ཡི་ཟེར་ཨིན་པས།
ག་དེ་སྦེ་ར་ཨིན་རུང་ བྱང་ཆུབ་ཆོས་གླིང་ལྷ་ཁང་ནང་ བདག་ཅག་གི་སྟོན་པ་ སངས་རྒྱས་ཤཱཀྱ་ཐུབ་པའི་ སྐུ་འདྲ་གིས་གཙོས་པའི་ སྐུ་རྟེན་བྱིན་ཅན་ མང་རབས་ཅིག་ཡོད་པའི་གུ་ མཆོད་བཤམས་ནང་ གཡས་ཁ་ཐུག་ལུ་ གུ་རུ་མཚན་བརྒྱད་དང་ ཡེ་ཤེས་མགོན་པོ་ དཔལ་ལྡན་ལྷ་མོ་ལ་སོགས་པའི་ ལྡེབས་རིས་ཚུ་དང་ གཡོན་ཁ་ཐུག་ལུ་ བྱང་ཆུབ་ལྟུང་བཤགས་ཀྱི་ལྷ་ཚོགས་དང་ རྣས་སྲས་དང་ ཚེ་རིང་མ་ལ་སོགས་པའི་ ལྡེབས་རིས་ཚུ་ཡོདཔ་ད།
དེ་ལས་ གསུང་ཆོག་གནང་སར་ གཡས་ཐ་ཁུག་ལུ་ བཀའ་བརྒྱུད་གསེར་འཕྲེང་དང་ གཡོན་ཁ་ཐུག་ལུ་ འཕགས་པ་ཐུགས་རྗེ་ཆེན་པོ་ ཕྱག་སྟོང་སྤྱན་སྟོང་ལ་སོགས་པ་ གཙོ་འཁོར་དང་བཅས་པའི་ ལྡེབས་རིས་བྱིན་ཅན་དང་ གཞན་དང་གཞན་ཚུ་ཡང་ མང་རབས་ཅིག་ གཟི་བརྗིད་ཆེ་ཏོག་ཏོ་སྦེ་ བཞེངས་ཏེ་འདུག།
དེ་བཟུམ་སྦེ་ གསུང་རྟེན་ཚུ་ཡང་ འབུམ་བྲིས་མ་པོ་ཏི་ ༡༦ དང་ འབུམ་སྤར་མ་པོ་ཏི་ ༡༢ དེ་ལས་ ཉི་ཁྲི་དང་ བརྒྱད་སྟོང་པ་ཚུ་ཡོད་པའི་ཁར་ དེང་སང་ རྒྱ་ཤོག་ཐོག་གི་ བཀའ་འགྱུར་དང་ བསྟན་འགྱུར་ཚུ་ཡང་ བཞུགས་སུ་གསོལ་ཏེ་ཡོད་པའི་གནས་ཚུལ།




Users Today : 4359
Users Yesterday : 3320
This Month : 94803
This Year : 390769
Total Users : 1102585
Views Today : 7430
Total views : 3078490
Who's Online : 18