
འདས་པའི་བདུན་ཕྲག་ནང་ རྒྱལ་ཡོངས་ཚོགས་འདུའི་ནང་ལས་ ལོ་ཐོག་དང་ སྒོ་ནོར་གྱི་ རྒུད་འཐུས་ཀྱི་དོན་ལུ་ བློ་གཏད་མ་དངུལ་ཅིག་ གཞི་བཙུགས་འབད་དགོ་པའི་ གྲོས་དོན་ཕུལ་ནུག།
དེ་ཡང་ དཀྱིལ་འཁོར་ཐང་དང་ མནྜལ་སྒང་གི་འཐུས་མི་ ཀ་མཱལ་བྷ་དུར་ གུ་རུང་གིས་ གྲོས་དོན་ཕུལ་བའི་ནང་གསལ་ སོ་ནམ་དེ་ འབྲུག་གི་ནང་འཁོད་འཐོན་སྐྱེད་ཡོངས་འབོར་ལུ་ བརྒྱ་ཆ་ ༡༤.༥ དེ་རེ་གིས་ ཁེ་ཕན་བྱུང་དོ་ཡོད་པའི་ཁར་ ལཱ་གཡོག་གི་ གོ་སྐབས་ཡང་ བརྒྱ་ཆ་ ༤༣.༥༦ དེ་རེ་ སོ་ནམ་ལུ་བརྟེན་ཏེ་ འཐོན་དོ་ཡོདཔ་ལས་ སོ་ནམ་དེ་ ག་ནི་བ་ཡང་ གལ་ཆེ་བའི་ ལས་སྡེ་ཅིག་ཨིནམ་ཚད་ གྲོང་གཡུས་ཀྱི་ མི་རློབས་བརྒྱ་ཆ་ ༦༠ དེ་ཅིག་ འཚོ་བ་སོ་ནམ་ལུ་བརྟེནམ་ཨིན་ཟེར་ ཞུ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གནམ་གཤིས་འགྱུར་བ་ལུ་བརྟེན་ཏེ་ སོ་ནམ་གྱི་ ལཱ་འབད་མི་ཚུ་ལུ་ ཡར་སེང་ཅན་གྱི་ ཉེན་ཁ་ཡོད་མི་དེ་ཡང་ ས་རུད་དང་ ཆུ་རུད་ རླུང་འཚུབས་ སེརཝ ཡང་ཅིན་ དྲོད་ཤུགས་ཚུ་གིས་ ལོ་ཐོག་དང་ སྒོ་ནོར་ཚུ་ལུ་ གྱོང་རྒུད་སྦོམ་ཕོགཔ་ལས་ སོ་ནམ་ཞིང་པ་ཚུ་གི་དོན་ལུ་ རྒུད་འཐུས་ལས་འཆར་ཅིག་ གལ་ཆེ་བའི་སྐོར་ལས་ཡང་ ཞུ་བ་ཕུལ་ནུག།
དེ་སྦེ་ གྲོས་དོན་ཕུལ་མི་ བློ་གཏད་མ་དངུལ་གྱི་ཐོག་ལས་ རང་བཞིན་རྐྱེན་ངན་དང་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་བའི་སྐབས་ལུ་ རྒུད་འཐུས་ཚུ་ སྤྲོད་ནི་ཨིན་མི་དེ་གིས་ མི་སེར་ཚུ་ གྲོང་གཡུས་ལས་ ཁྲོམ་ཁར་གཞི་གནས་སྤོ་ནི་ བཀག་ཐབས་ལུ་ཡང་ ཁེ་ཕན་འབྱུང་ནི་ཨིན་པའི་སྐོར་ལས་ ཞུ་བ་ཕུལ་ཡི།
གནད་དོན་དེ་ལུ་ སྤྱི་ཚོགས་ཀྱི་ འཐུས་མི་དག་པ་ཅིག་གིས་ར་ རྒྱབ་སྐྱོར་ཡོད་ལུགས་ཚུ་ ཚོགས་ཁང་ནང་ ཞུ་བའི་ལན་ལུ་ སོ་ནམ་དང་ སྒོ་ནོར་བློན་པོ་གིས་ ལོ་ལྔའི་འཆར་གཞི་ ༡༣ པའི་ནང་ སོ་ནམ་དང་ སྒོ་ནོར་ལུ་ འཆར་དངུལ་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ དཔྱ་བགོ་བཀོད་དེ་ཡོད་པའི་ཁར་ སྤྱི་ཚོགས་ལུ་ཡང་ ཕུལ་ནིའི་དོན་ལས་ སོ་ནམ་དང་ སྒོ་ནོར་གྱི་ ཉེན་བཅོལ་ལས་འཆར་ཅིག་ཡང་ བརྩམ་པའི་བསྒང་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སོ་ནམ་པ་ཚུ་ལུ་ རྒྱབ་སྐྱོར་འབད་དགོཔ་ ངེས་བདེན་ཨིན་རུང་ ད་རེས་ གྲོས་དོན་ཕུལ་མི་ ཟད་འགྲོ་ཚུ་ བགོ་བཀྲམ་འབད་དེ་ཡོད་མི་ འཆར་དངུལ་དང་ཕྱདཔ་ད་ མཐོ་སུ་ཡོད་ཟེར་ཞུ་ཡི།
དེ་བཟུམ་སྦེ་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ ཞུ་མིའི་ནང་ རྒྱལ་ཁབ་ལུ་ མ་དངུལ་རྩིས་ཆད་ཚུ་དང་ མི་མང་བུ་ལོན་ཚུ་གི་སྐོར་ལས་ བསམ་ཞིབ་འབད་དེ་ མ་དངུལ་ཚུ་ བག་ཟོན་གྱི་སྒོ་ལས་ འཛིན་སྐྱོང་འཐབ་དགོཔ་ གལ་ཆེ་ཟེར་ཨིན་པས།
མ་གཞི་ རྒྱལ་ཁབ་ནང་ དཔལ་འབྱོར་གྱི་ དོ་འགྲན་ཚུ་ བྱུང་སྟེ་ཡོད་རུང་ གྲོས་དོན་ཕུལ་མི་ཚུ་གིས་ སོ་ནམ་ཞིང་པ་ཚུ་ལུ་ རྒྱབ་སྐྱོར་དང་ སོ་ནམ་གྱི་ལཱ་ཚུ་ ན་གཞོན་ཚུ་གི་ སེམས་ཁར་འཐདཔ་སྦེ་ བཟོ་ཐབས་ལུ་ ས་ཁ་མཐོ་སའི་ སྒོ་ནོར་གྱིས་གཙོས་པའི་ སོ་ནམ་ཞིང་པའི་ ལོ་ཐོག་དང་ སྒོ་ནོར་གྱི་ རྒུད་འཐུས་ཚུ་ འོས་འབབ་ཡོད་པའི་ རྒུད་འཐུས་ཀྱི་ དབྱེ་ཁག་བཀོད་དེ་ མ་དངུལ་གྱི་ཆ་ཚད་ཚུ་ བདེ་སྒྲིག་ཐོག་ལས་ ལས་འཆར་ཅིག་དགོཔ་སྦེ་ གཙོ་བོར་བཟུང་ཡོདཔ་ལས་ ཚོགས་ཁང་ནང་ལས་ སོ་ནམ་དང་ སྒོ་ནོར་ལྷན་ཁག་གིས་ ཤུལ་མའི་ཚོགས་ཐེངས་ནང་ ལག་ལེན་སྙན་ཞུ་ཅིག་ ཕུལ་དགོ་པའི་ བཀོད་རྒྱ་གནང་ཡོད་པའི་གནས་ཚུལ།





Users Today : 1250
Users Yesterday : 1729
This Month : 5052
This Year : 184955
Total Users : 896771
Views Today : 3259
Total views : 2633576
Who's Online : 7