བསམ་རྩེ་གྲྭ་ཚང་གི་ བླམ་གནས་བརྟན་ གསར་བསྐོས་ཐོག་ལུ་ བཀྲ་ཤིས་ལེགས་དར།

གནམ་ལོ་ཤིང་འབྲུག་ཟླཝ་ ༧ པའི་ཚེས་ ༡༢ སྤྱི་ཟླ་ ༨ པའི་ཚེས་ ༡༦ ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་སྦེ་ བསམ་རྩེ་གྲྭ་ཚང་གི་ བླམ་གནས་བརྟན་ གསར་བསྐོས་ཐོག་ལུ་ བཀྲ་ཤིས་ལེགས་དར་གནང་ནུག།
དེ་ཡང་ ཧཱ་རྫོང་ཁག་ གསང་སྦས་མོ་ཆུ་ལས་ དགུང་ལོ་ ༥༢ བཞེས་མི་ བླམ་རིན་ཆེན་རྡོ་རྗེ་གིས་ དགུང་ལོ་ ༩ ལས་ སྤུང་ཐིམ་གཞུང་གྲྭ་ཚང་ནང་ འཛུལ་བཞུགས་མཛད་དེ་ ཆོས་སྤྱོད་ཀྱི་རིམ་པ་ཚུ་ལུ་ སྦྱངས་བརྩོན་དང་འབྲེལ་ཏེ་ མཚན་ཉིད་སྡེ་ཚན་ནང་ ལོ་ངོ་ ༣ ཕྱག་ཞུ་ཡོདཔ་ཨིན་པས།
དེ་ལས་ བདེ་ཆེན་ཕོ་བྲང་ དགེ་འདུན་སློབ་གྲྭའི་ནང་ ལོ་ངོ་ ༧ གྱི་རིང་ལུ་ གར་ཐིག་དབྱངས་གསུམ་དང་ སྒྲིག་ལམ་ཆོས་གསུམ་ལ་སོགས་པ་ རང་ལུགས་དཔལ་ལྡན་འབྲུག་པའི་ ཁྱད་ཆོས་ཚུ་ལུ་ སྦྱངས་བརྩོན་མཐར་ཕྱིན་ཏེ་ ལོག་སྟེ་ར་ སྤུང་ཐིམ་གཞུང་གྲྭ་ཚང་ནང་ སྦུག་གྲལ་པའི་གྲངས་སུ་ ལོ་ངོ་ ༥ གི་རིང་ལུ་ སྤྱིར་རྒྱལ་ཁམས་ཀྱི་ སྐུ་རིམ་དང་ བྱེ་བྲག་ཏུ་ དཔལ་ལྡན་བླ་མ་ ངག་དབང་རྣམ་རྒྱལ་མཆོག་གིས་ གཞི་བཙུགས་མཛད་མི་ སྐུ་མཆོད་འབུམ་སྡེ་ལ་སོགས་པར་ ཉིན་མཚན་འདྲེས་མར་ ཕྱག་ཞུ་ནུག།
དེ་གི་ཤུལ་ལས་ སྤ་རོ་གསང་ཆེན་ཆོས་འཁོར་ བཤད་གྲྭའི་ནང་ལས་ རིག་གནས་དང་ དབུ་མའི་སྐོར་ཚུ་ ལོ་ངོ་ ༤ གི་རིང་ལུ་ གསན་སྦྱངས་མཛད་ཡོདཔ་མ་ཚད་ རྟ་མགོ་མཐོ་རིམ་བཤད་གྲྭའི་ནང་ལས་ བྱམས་ཆོས་སྡེ་ལྔ་དང་ འདུལ་བ་ སྔགས་སྡོམ་ལ་སོགས་པ་ཚུ་ལུ་ཡང་ སྦྱངས་བརྩོན་ཐོག་ལས་ འཛིན་གྲྭ་ ༩ པ་ མཐར་འཁྱོལ་ཡོདཔ་ཨིན་པས།
དེ་ལས་ ལྕགས་རི་རྡོ་རྗེ་གདན་ལུ་ སྐྱབས་རྗེ་ཁྲི་ཟུར་རིན་པོ་ཆེའི་ཞབས་ལས་ གསང་སྔགས་ཀྱི་འཇུག་སྒོ་ ཕྱག་ཆེན་སྔོན་འགྲོའི་ ཆོས་ཚུ་ཞུ་སྟེ་ ཟླ་ངོ་ ༤ གི་རིང་ལུ་བསགས་སྦྱངས་སྤེལ་གསུམ་དང་ རྟ་མགོ་རྫོང་ཁའི་རི་ཁྲོད་ལུ་ ལོ་གསུམ་ཕྱོགས་གསུམ་གྱི་རིང་ལུ་ ལྟ་བ་ཕྱག་རྒྱ་ཆེན་པོའི་ ཁྲིད་རིམ་དང་ སྒོམ་པ་ནཱ་རོ་ཆོས་དྲུག་གི་ ཟབ་ཆོས་ཚུ་ ཉམས་སུ་བླངས་ཏེ་ ལོ་གསུམ་གྱི་ བཅད་རྒྱ་མཐར་ཕྱིན་ནུག།
ད་རུང་ རི་ཁྲོད་དེ་ཁར་ ཕྱི་ལྟར་དུ་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གི་ སྲུང་འཁོར་དང་ སྐུ་རིམ་ཞབས་ཏོག་ཞུ་མིའི་གྲངས་སུ་དང་ ནང་ལྟར་དུ་ དཔལ་ལྡན་འབྲུག་པའི་ ཟབ་ཆོས་གདམས་ངག་བཀའ་རྒྱ་ཅན་དང་ བསྐྱེད་རིམ་ལྷའི་བསྙེན་མཚམས་དང་འབྲེལ་ཏེ་ ལོ་གསུམ་ཕྱོགས་གསུམ་ ལན་ཐེངས་ ༣ གནང་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ གཞུང་གྲྭ་ཚང་ལྟེ་བའི་ བཀའ་སློབ་ལྟར་དུ་ ལྷ་རྫོང་བཀྲ་ཤིས་སྒང་ སློབ་གྲྭའི་དབུ་འཛིན་སྦེ་ ཕྱག་ཞུ་བའི་ཉིན་མ་ལས་ ཕྱིའི་ཡར་རྒྱས་གོང་འཕེལ་དང་གཙུག་ལག་ཁང་ ཉམས་བཅོས་ཀྱི་ལཱ་དང་ ནང་ཤེས་ཡོན་གོང་འཕེལ་གྱི་ ཕྱག་ལཱ་འདྲེས་མར་གནང་སྟེ་ བསྟན་པ་ལུ་གཅེས་པའི་ ཞབས་ཏོག་ཞུ་ཡོད་པའི་ ངོས་འཛིན་ལུ་ གཟེངས་བསྟོད་སྦེ་ སྟོད་རྒྱན་འཇིམས་གནང་ཡོདཔ་ད་ ལྷ་རྫོང་བཀྲ་ཤིས་སྒང་གི་ སློབ་གྲྭའི་དབུ་འཛིན་སྦེ་ ལོ་ངོ་ ༧ གྱི་རིང་ལུ་ ཕྱག་ཞུ་ཡོད་པའི་གནས་ཚུལ།

Please follow and like us: