ཡུ་ཨེཛ་གཞུང་གིས་ ཕྱི་མི་ཚུ་ རྒྱལ་ཁབ་དེ་ནང་ སྡོད་ཆོག་པའི་ དུས་ཡུན་ཡར་སེང་བཀག་དམ།

རོའི་ཊརཛ།
ཡུ་ཨེཛ་གཞུང་གིས་ ཕྱི་མི་འཛུལ་ཞུགས་ལས་རིམ་ སྒྱུར་བཅོས་ཐོག་ལས་ ཡུ་ཨེཛ་རྒྱལ་ཁབ་ནང་ སྡོད་ཆོག་པའི་ དུས་ཡུན་ཡར་སེང་དེ་ བཀག་དམ་འབད་ནི་ཨིནམ་ད་ དེ་ཡང་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡༠ པ་ལས་ཚུར་ ཀིའུ་བ་དང་ ཧའི་ཊི་ ནི་ཀ་ར་གུ་ཝ་ དེ་ལས་ ཝེ་ནེ་ཟུ་ལ་ རྒྱལ་ཁབ་ཚུ་ལས་ མི་གྲངས་ ༥༣༠,༠༠༠ དེ་ཅིག་ ལོ་ངོ་ ༢ ཀྱི་ ཆོག་ཐམ་ལེན་ཏེ་ ཡུ་ཨེཛ་ལུ་ ལྷོད་ཡོདཔ་ཨིན་པས།
དེ་བཟུམ་མའི་ ཕྱི་མི་ནང་བསྐྱོད་ཀྱི་ གནད་དོན་དེ་ དུས་ཅི་ སྤྱི་ཟླ་ ༡༡ པའི་ཚེས་ ༥ ལུ་ སྲིད་འཛིན་བཙག་འཐུ་འབད་ནི་དང་འབྲེལ་ཏེ་ གྲོས་གླེང་གི་ གནད་དོན་གཙོ་བོ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ད་རེས་ བཀག་དམ་ཆོག་ཐམ་ཐོག་ལུ་ སྡོད་མི་ཚུ་ རང་སོའི་ཆོག་ཐམ་གྱི་ དུས་ཚོད་མ་ཡོལ་བའི་ སྔ་གོང་ལས་ར་ རྒྱལ་ཁབ་ནང་ལས་ འཐོན་འགྱོ་དགོཔ་ད་ དེ་མིན་ཕྱིར་བཏོན་བྱ་སྒོ་ཚུ་ ལག་ལེན་འཐབ་ནི་ཨིན་རུང་ ཡུ་ཀེ་རེན་དང་ ཨཱཕ་གྷ་ནིཛ་ཏཱན་ལས་ ཡུ་ཨེཛ་ལུ་ ལྷོད་དེ་ཡོད་མི་ཚུ་གི་དོན་ལས་ ཆོག་ཐམ་གྱི་ དུས་ཡུན་དེ་ བསྐྱར་གསོ་འབད་ཆོག་ནི་ཨིན་པས།
མ་གཞི་ ཀིའུ་བ་ལས་ལྷོད་མི་ ལེ་ཤ་ཅིག་ལུ་ གཏན་འཇགས་གཞིས་གནས་ཀྱི་ ཆོག་ཐམ་འཐོབ་ནི་གི་ འོས་འབབ་ཡོདཔ་མ་ཚད་ ཤུལ་ལས་ ཡུ་ཨེཛ་གི་ མི་ཁུངས་འཐོབ་ནི་གི་ གོ་སྐབས་ཡང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཧའི་ཊི་དང་ ཝེ་ནེ་ཟུ་ལའི་ མི་སེར་ལེ་ཤ་ཅིག་ལུ་ཡང་ གནས་སྐབས་ཅིག་ ཉེན་སྲུང་ཅན་གྱི་ གནས་ཚད་ཀྱི་ ཐོབ་ལམ་ཡོདཔ་ལས་ ཉེན་སྲུང་ཐོག་ལུ་ ལཱ་འབད་ནི་གི་ ཆོག་ཐམ་ཚུ་ འཐོབ་ནི་གི་ འོས་འབབ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: