ཏཱ་ཡེ་ཝཱན་གྱི་ སྲིད་འཛིན་གྱིས་ ཁོང་གི་རྒྱལ་ཁབ་དེ་ རྒྱ་ནག་གི་མངའ་འོག་ལུ་ བཙུགས་ནི་ལུ་ རྒྱབ་འགལ་གྱི་ཁས་ལེན།

བི་བི་སི།
སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལུ་ དུས་ཅི་ ཏཱ་ཡེ་ཝཱན་གྱི་ སྲིད་འཛིན་སྦེ་ བཙག་འཐུ་གྲུབ་མི་ ཝི་ལི་ཡམ་ ལ་ཡེ་གིས་ མི་སེར་ཡོངས་ལུ་ གསུང་བཤད་ཅིག་ གནང་པའི་ནང་གསལ་ ཏཱ་ཡེ་ཝཱན་གྱི་ རང་སྐྱོང་གནས་རིམ་ལུ་ བརྩི་བཀུར་མཛད་ནི་གི་ ཁས་བླངས་མཛད་ཡོདཔ་ད་ དེ་ཡང་ རྒྱ་ནག་གིས་ ཁོང་གི་རྒྱལ་ཁབ་དེ་ རྒྱ་ནག་གི་ མངའ་འོག་ལུ་ བཙུགས་ནི་དང་ ཡང་ཅིན་ ཁོང་གི་རང་དབང་གི་ གནས་རིམ་ནང་ ཧམ་འཛུལ་ཚུ་འབད་བ་ཅིན་ རྒྱབ་འགལ་འབད་ནི་སྦེ་ཨིན་པས།
ཨིན་རུང་ ཏཱ་ཡེ་ཝཱན་གྱི་ མཚོ་གཡུར་བདའ་སྟེ་ ཞི་བདེའི་དོན་ལུ་དང་ གཞན་ཡང་ གནམ་གཤིས་འགྱུར་བ་དང་ ནད་ཡམས་སྔོན་འགོག་ ལུང་ཕྱོགས་ཉེན་སྲུང་ཚུ་དང་འབྲེལ་ཏེ་ རྒྱ་ནག་དང་གཅིག་ཁར་ སྔར་ག་ཨིནམ་སྦེ་ མཉམ་འབྲེལ་འཐབ་ནི་ཨིནམ་སྦེ་ཡང་གསུངས་ནུག།
སྲིད་འཛིན་ལ་ཡེ་གི་ གསུང་བཤད་སྐོར་ལས་ རྒྱ་ནག་གི་ ཕྱི་འབྲེལ་ལྷན་ཁག་ལས་ མགྲིན་ཚབ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཏཱ་ཡེ་ཝཱན་གྱི་ རང་དབང་ལུ་ སེམས་ཁར་འགྱུར་ལྡོག་མེད་པའི་ རྟགས་མཚན་སྟོན་མས་ཟེར་ཨིན་པས།
སྲིད་འཛིན་ལ་ཡེ་གིས་ གསུང་བཤད་དེ་ཡང་ རྒྱལ་ཁབ་ཀྱི་ རྒྱལ་ཡོངས་དུས་ཆེན་སྐབས་ལུ་ མི་མང་སྤུངས་འཛོམས་འབད་སར་ གནང་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་དེ་ནང་ དམངས་གཙོའི་རིང་ལུགས་དང་ དལ་དབང་ཚུ་ ཉམས་དགའ་བའི་སྒོ་ལས་ སྤྱོད་ནི་ཡོདཔ་ཅིག་དང་ རྒྱ་ནག་གིས་ ཏཱ་ཡེ་ཝཱན་གྱི་ ངོ་ཚབ་འབད་ནི་ལུ་ ཐོབ་དབང་མེདཔ་སྦེ་གསུངས་ནུག།
ཏཱ་ཡེ་ཝཱན་གཞུང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་རྒྱལ་ཁབ་ནང་ དེ་བསྒང་གི་ རྒྱ་ནག་གཞུང་དང་ ཀ་མིའུ་ནིཛ་ སྡེ་ཚན་གྱི་བར་ན་ ནང་འཁྲུག་ལངམ་ད་ ཀ་མིའུ་ནིཛ་ སྡེ་ཚན་གྱིས་ རྒྱ་ཁ་ཐོབ་ལས་ རྒྱ་ནག་ཞུང་དེ་ ཏཱ་ཡེ་ཝཱན་ལུ་ བྲོས་ཟུར་གྱིས་ གཞིས་ཆགས་པའི་ཤུལ་ལུ་མ་གཏོགས་ རྒྱ་ནག་གི་ རྩ་ཁྲིམས་ཆེན་མོ་དེ་ ཆ་འཇོག་གྲུབ་ཡོདཔ་སྦེ་ བརྩི་དོ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: