མི་སྡེ་བརྡ་བརྒྱུད་ ཊིག་ཊོག་དེ་ ཨ་ལོའི་སེམས་ཁམས་འཕྲོད་བསྟེན་ལུ་ གནོད་ཉེན་ཡོདཔ་སྦེ་ ཁྲིམས་རྩོད་ཡོངས་ཁྱབ་ ༡༤ གིས་ ཁྲིམས་སར་བཀལ་ཡོདཔ།

སི་ཨེན་ཨེན།
སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ ཡུ་ཨེཛ་གི་ ཁྲིམས་རྩོད་ཡོངས་ཁྱབ་ ༡༤ འབད་མི་ སྡེ་ཚན་ཅིག་གིས་ མི་སྡེ་བརྡ་བརྒྱུད་ ཊིག་ཊོག་དེ་གིས་ ན་གཞོན་ཚུ་གི་ སེམས་ཁམས་འཕྲོད་བསྟེན་ལུ་ གནོད་པ་བྱུང་དོ་ཡོད་པའི་ ཉེས་འཛུགས་ཐོག་ལུ་ ཁྲིམས་སར་བཀལ་ནུག།
དེ་ཡང་ ཉེས་འཛུགས་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཊིག་ཊོག་ཐོག་ལས་ བརྙན་ཐུང་ཚུ་གིས་གཙོས་པའི་ སེམས་ལང་ཤོར་ཐལ་བཅུག་ནི་དང་ ཉེན་ཁ་ཅན་གྱི་ སྤྱོད་ངན་ཚུ་ སྟོན་དོ་ཡོདཔ་མ་ཚད་ ནུབ་མོར་ཡང་ སྒྲ་སྐད་ཐོག་གི་ བརྡ་སྐུལ་ཚུ་ གཏང་དོ་ཡོདཔ་ལས་ ཨ་ལོ་ཚུ་གི་ གཉིད་དཀྲོགསཔ་མས་ཟེར་ཨིན་པས།
དེ་མ་ཚད་ ཊིག་ཊོག་གི་ རྒྱབ་འགལ་ལུ་ ཨ་ལོ་ཚུ་གི་ གནད་སྡུད་ཚུ་ ཁྲིམས་འགལ་ཐོག་ལས་ བསྡུ་ལེན་འབད་དོ་ཡོད་པའི་ ཉེས་འཛུགས་ཐོག་ལུ་ཡང་ ཡུ་ཨེཛ་གི་ དྲང་ཁྲིམས་ལས་ཁུངས་ཀྱིས་ རྩོད་བཤེར་འབད་བའི་བསྒང་ཡོདཔ་ལས་ ཡུ་ཨེཛ་ལུ་ ཊིག་ཊོག་དེ་ བཀག་དམ་འབད་ནི་བཟུམ་ཅིག་ཡོདཔ་ཨིན་པས། ད་རེས་ཀྱི་ ཉེས་འཛུགས་དེ་ ནིའུ་ཡོག་གི་ རྩོད་དཔོན་ཡོངས་ཁྱབ་ ལེ་ཊི་ཤི་ཡ་ཇེམཛ་དང་ ཀ་ལི་ཕོར་ནི་ཡའི་ རྩོད་དཔོན་ཡོངས་ཁྱབ་ རོབ་བོན་ཊ་ ༢ ཀྱི་ འགོ་འདྲེན་ཐོག་ལུ་ ཁྲིམས་སར་བཀལ་ནུག།
དུས་ཅི་ སྤྱི་ཟླ་ ༦ པའི་ནང་ ནིའུ་ཡོག་མངའ་སྡེ་སྤྱི་ཁྱབ་ཀྱིས་ མི་སྡེ་བརྡ་བརྒྱུད་ཚུ་ནང་ དཀར་ཆག་ཚུ་ བཀོད་ཐོག་ལས་ སྐྱེས་ལོ་ ༡༨ འོག་རྒྱུ་འབད་མི་ ན་གཞོན་ཚུ་གི་དོན་ལས་ ཚད་འཛིན་འབད་དགོ་པའི་ དཔྱད་ཡིག་ཅིག་གུ་ མིང་རྟགས་བཀོད་ཡོདཔ་མ་ཚད་ འདས་པའི་ཟླཝ་ནང་ཡང་ མངའ་སྡེ་ཚུ་ལས་ རྩོད་དཔོན་ཡོངས་ཁྱབ་ ༤༢ ཀྱིས་ མི་སྡེ་བརྡ་བརྒྱུད་ཚུ་ནང་ ན་གཞོན་ཚུ་ལུ་ གནོད་པ་ཡོད་ལུགས་ཀྱི་ ཉེན་བརྡ་ཚུ་ བཀོད་དགོཔ་སྦེ་ ཡུ་ཨེཛ་གི་ གཤག་བཅོས་ཡོངས་ཁྱབ་ ཝི་ཝེག་མུར་ཐི་ལུ་ བཤད་ཡོདཔ་ཨིན་པས།
ཨིན་རུང་ ཊིག་ཊོག་གི་ཁ་ཐུག་ལས་ ཁོང་གི་མི་སྡེ་བརྡ་བརྒྱུད་དེ་ ཉེན་སྲུང་གི་ཁྱད་ཆོས་དང་ ཕམ་ཚུ་གིས་ དུས་ཚོད་ཚད་འཛིན་འབད་ཐབས་ཀྱི་ ལག་ཆས་ཚུ་ཡོདཔ་ལས་ ཨ་ལོ་ཚུ་གི་དོན་ལུ་ ཉེན་སྲུང་དང་ལྡན་ཏོག་ཏོ་ཡོད་ཟེར་ ཡང་བསྐྱར་བཤད་ནུག།
ཊིག་ཊོག་གི་ངོ་ཚབ་ ཧའུ་རེག་གིས་ ཉེས་འཛུགས་ཚུ་དང་འབྲེལ་ཏེ་ རྩོད་དཔོན་ཡོངས་ཁྱབ་ཚུ་དང་གཅིག་ཁར་ འདས་པའི་ལོ་ངོ་ ༢ ཀྱི་ནང་ ལོ་རྒྱུས་ཚུ་ བཤད་དེ་འབད་རུང་ ད་རུང་ཡང་ ཁྲིམས་སར་བཀལ་མི་དེ་ སེམས་ཕམ་ཆེ་བའི་ གཞི་ཅིག་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: