
རོའི་ཊརཛ།
སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལུ་ འཛམ་གླིང་དངུལ་ཁང་གི་ བཀོད་ཚོགས་ནང་ལས་ ཡུ་ཀེ་རེན་གྱི་ རྒྱབ་སྐྱོར་ལུ་ ཡུ་ཨེཛ་དང་ ཀེ་ན་ཌ་ རྒྱ་པཱན་རྒྱལ་ཁབ་ཚུ་ ལས་ ཞལ་འདེབས་ལེན་ཏེ་ བར་ཡུན་དངུལ་འབྲེལ་མ་དངུལ་ཟེར་མི་ མ་དངུལ་ཅིག་ གཞི་བཙུགས་འབད་ནི་གི་ གནང་བ་གྲོལ་ཡོདཔ་ད་ གནང་བ་དེ་གི་དོན་ལས་ ཚོགས་རྒྱན་བཙུགས་པའི་སྐབས་ལུ་ རྒྱབ་འགལ་འབད་མི་ ར་ཤི་ཡ་རྐྱངམ་ཅིག་ ཐོན་ཡོདཔ་སྦེ་ཨིན་པས།
འཛམ་གླིང་དངུལ་གིས་ འཛིན་སྐྱོང་འཐབ་ནི་ཨིན་མི་ མ་དངུལ་གཞི་བཙུགས་དེ་གིས་ ཡུ་ཀེ་རེན་དང་ ར་ཤི་ཡའི་བར་ན་ ཕྱད་མདའ་རྐྱབ་པའི་ གནས་སྐབས་ནང་ དུས་ཅི་གི་ ལོ་མཇུག་བསྡུ་ཁམས་ལུ་ སྡེ་ཚན་ ༧ ཟེར་མི་ དམངས་གཙོའི་རིང་ལུགས་འོག་གི་ རྒྱལ་ཁབ་ཕྱུག་ཤོས་ ༧ གྱིས་ ཡུ་ཀེ་རེན་ལུ་ ཌོ་ལར་ཐེར་འབུམ་ ༥༠ ཁ་སྐོང་བྱིན་ནི་སྦེ་ ཁས་ལེན་འབད་ནུག།
ད་རེས་ ཡུ་ཨེཛ་དང་ རྒྱ་པཱན་ ཀེ་ན་ཌ་ རྒྱལ་ཁབ་ ༣ གྱིས་ ཞལ་འདེབས་ག་དེམ་རེ་ བྱིན་ནི་ཨིན་ནའིསྐོར་ལས་ ཁ་གསལ་མེད་རུང་ ཁོང་གི་ཞལ་འདེབས་ཚུ་ ར་ཤི་ཡའི་ དངུལ་ཁང་རྩིས་ཁྲ་ བཀག་དམ་འབད་མི་ཚུ་ལས་ཐོན་མི་ སྐྱེད་ཚུ་གི་ཐོག་ལས་ བྱིན་ནི་སྦེ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཡུ་རོབ་རྒྱལ་ཁབ་ཚོགས་པ་གིས་ཡང་ ཡུ་ཀེ་རེན་ལུ་ ཡུ་རོ་ཐེར་འབུམ་ ༣༥ བྱིན་ནི་སྦེ་ ཞལ་འཆམ་བྱུང་ཡོདཔ་ད་ ཁོང་གིས་ཡང་ རང་སོའི་དངུལ་ཁང་ལྟེ་བ་ཚུ་ནང་ཡོད་མི་ ར་ཤི་ཡའི་ བདོག་གཏད་ལས་ཐོབ་མི་ འབབ་ཁུངས་ཚུ་གི་ཐོག་ལས་ བྱིན་ནི་སྦེ་ ཁས་ལེན་འབད་ནུག།
ཨེཊ་ལེན་ཊིག་གི་ ཇི་ཡོ་ཨི་ཀོ་ནོ་མིག་ ཚོགས་སྡེའི་མདོ་ཆེན་ ཇོཤ་ལིབ་སི་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་རེས་ ཡུ་ཀེ་རེན་ལུ་ ཞལ་འདེབས་བྱིན་ནི་སྦེ་ ཞལ་འཆམ་བྱུང་མི་དེ་གིས་ སྡེ་ཚན་ ༧ གྱི་ ཁ་ཐུག་ལས་ སྤྱི་ཟླ་ ༦ པའི་ནང་ ཁས་ལེན་འབད་མི་དེ་ འགྲུབ་ནི་ཨིན་པའི་ཁར་ མ་དངུལ་དེ་གིས་ ཡུ་ཀེ་རེན་ལུ་ ཁྱད་པར་སྦོམ་སྦེ་ར་ འཐོན་འོང་ཟེར་ཨིན་མ་ད་ སྤྱི་ལོ་ ༢༠༢༣ ལུ་ ཡུ་ཀེ་རེན་གྱིས་ ཕྱད་མདའི་དོན་ལས་ ཌོ་ལར་ཐེར་འབུམ་ ༨༠ ལས་ ༩༠ གི་བར་ན་ ཟད་འགྲོ་བཏང་ཡོདཔ་ཨིན་པས།
ར་ཤི་ཡའི་ བདོག་གཏད་ཚུ་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པའི་ནང་ལས་ ར་ཤི་ཡ་གིས་ ཡུ་ཀེ་རེན་དང་གཅིག་ཁར་ ཕྱད་མདའ་འགོ་བཙུགས་པའི་ཤུལ་ལུ་ ལག་ལེན་བཀག་དམ་འབད་ཡོདཔ་ད་ དེ་ཡང་ བདོག་གཏད་གསུམ་དཔྱ་ ༡ དེ་ཅིག་འབདཝ་ད་ ཡུ་རོ་ཐེར་འབུམ་ ༢༡༠ དེ་ཅིག་ ཡུ་རོབ་ཚོགས་པའི་ འཐུས་མི་རྒྱལ་ཁབ་ ༢༧ གྱི་ནང་དང་ གཞན་མི་བདོག་གཏད་ཚུ་ མང་ཤོས་ར་ བེལ་ཇི་ཡམ་ལུ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 3035
Users Yesterday : 3253
This Month : 80547
This Year : 376513
Total Users : 1088329
Views Today : 7404
Total views : 3053867
Who's Online : 15