གཅེས་སྐྱོང་དང་ སྙིང་རྗེ་ཅན་གྱི་ སྐྱོང་བཞག་ཟེར་མི་ ཞབས་ཏོག་ལས་འགུལ་ གཞི་བཙུགས་ཀྱི་ འགོ་འབྱེད་རྟེན་འབྲེལ།

འབྲུག་དབང་པོ་སྐྱོན་ཅན་ཚོགས་སྡེ་གིས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ གཅེས་སྐྱོང་དང་ སྙིང་རྗེ་ཅན་གྱི་ སྐྱོང་བཞག་ཟེར་མི་ ཞབས་ཏོག་ཅིག་ གཞི་བཙུགས་འབད་དོ་ཡོདཔ་ད་ གསར་བཏོད་ལས་འགུལ་དེ་ རང་སོའི་ཁྱིམ་ནང་ལས་ ཕྱི་ཁར་ཐོན་ནི་མེད་མི་ དབང་པོ་སྐྱོན་ཅན་དང་ མི་སེར་རྒན་ཤོས་ཚུ་གི་དོན་ལུ་ཨིན་པས།
དེ་ཡང་ རྒྱལ་བཙུན་ཁབ་ཏུ་བཞེས་པའི་ དུས་སྟོན་ཐེངས་ ༡༣ པ་དང་འབྲེལ་ཏེ་ དབང་པོ་སྐྱོན་ཅན་ཚོགས་སྡེ་དང་ རྒྱལ་འཛིན་རྒན་ཤོས་ཚོགས་པ་ དེ་ལས་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ཚུ་གིས་ འགོ་བཙུགས་དོ་ཡོད་པའི་ གསལ་བསྒྲགས་འབད་ནུག།
མཉམ་འབྲེལ་ལས་འགུལ་དེ་ཡང་ ཁྱིམ་ནང་ལས་ ཕྱི་ཁར་ཐོན་མ་ཚུགས་མི་ དབང་པོ་སྐྱོན་ཅན་དང་ མི་སེར་རྒན་ཤོས་ཚུ་ལུ་ དགོས་མཁོ་སྦོམ་ཡོད་མི་ ཞབས་ཏོག་ཚུ་སྤྲོད་དེ་ ཀུན་ཚང་དང་ རང་དབང་ དེ་ལས་ མི་སྡེའི་གྲལ་གཏོགས་ཚུ་ཡོདཔ་ བཟོ་ཐབས་ལུ་ བཀོད་སྒྲིག་འབད་ཡོདཔ་ཨིན་པས།
གཞུང་འབྲེལ་ལུ་ ལས་འགུལ་དེ་གི་ འགོ་འབྱེད་རྟེན་འབྲེལ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ནང་སྦེ་ དྲོ་པའི་ཆུ་ཚོད་ ༩.༣༠ ལས་ བརྩི་ནི་ཨིན་མིའི་ནང་ སྐུ་མགྲོན་གཙོ་བོ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཨྱོན་ཚེ་རིང་གིས་གཙོས་པའི་ སྤ་རོ་རྫོང་ཁག་གི་ ལས་སྡེའི་འགོ་དཔོན་ཚུ་དང་ རྒྱལ་སྤྱིའི་སྒེར་སྡེ་ལས་ཚོགས་ ཞི་བའི་མི་སྡེ་ཚོགས་པ་དང་ སྐྱོང་བཞག་ལག་ལེན་འཐབ་མི་ དབང་པོ་སྐྱོན་ཅན་གྱི་ མི་ངོམ་ཚུ་ དེ་ལས་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་དང་ སློབ་ཕྲུག་ཚུ་གིས་ གྲལ་གཏོགས་འབད་ནི་ཨིན་ཟེར་བཏོད་ནུག།
གསར་བཏོད་ལས་འགུལ་དེ་ཡང་ འབྲུག་གི་མི་རློབས་ ཉེན་ཁ་ཅན་ཚུ་གི་དོན་ལུ་ མི་སྡེ་དང་ སེམས་ཁམས་ཀྱི་ དཀའ་ངལ་ཚུ་ བསལ་ཐབས་ལུ་ རྩ་ཆེ་བའི་ལས་སྣ་ཅིག་ཨིནམ་ད་ ལས་འགུལ་དེ་ཡང་ སྤ་རོ་ལུ་ དོས་སྟེང་དང་ ཧཱུཾ་རལ་ ཝང་ཅང་རྒེད་འོག་ ༣ གྱི་ནང་ མོ་བཏབ་བཟུམ་ཅིག་སྦེ་ འགོ་འདྲེན་འཐབ་ནི་ཨིན་པས།
ལས་འགུལ་དེ་གིས་ རང་སོའི་ཁྱིམ་ནང་ལས་ ཕྱི་ཁར་ཐོན་ནི་མེད་མི་ཚུ་ལུ་ ཁས་བླངས་པ་ཚུ་གིས་ འཕྲལ་འཕྲལ་སྦེ་ར་ ཁོང་གི་ཁྱིམ་ནང་སོང་སྟེ་ ཉིན་བསྟར་གྱི་ ལག་ལེན་ཚུ་དང་འབྲེལ་བའི་ གུས་ཞབས་དང་ སྙིང་རྗེའི་སྒོ་ལས་ སྤྲོད་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
དེ་བཟུམ་སྦེ་ དབང་པོ་སྐྱོན་ཅན་དང་ མི་སེར་རྒན་ཤོས་ཚུ་ལུ་ འཚོ་བའི་སྤུས་ཚད་ ལེགས་སྒྱུར་འབད་ནི་ལུ་ གཙོ་བོར་བཟུང་ནི་རྐྱངམ་གཅིག་མིན་པར་ ཁས་བླངས་པ་ ན་གཞོན་ཚུ་གི་རྒྱུད་ལུ་ ཞབས་ཏོག་གི་ ལམ་སྲོལ་དང་ བྱམས་དང་སྙིང་རྗེ་ གོང་འཕེལ་གཏང་ཐབས་ཚུ་ཡང་ ལག་ལེན་འཐབ་ནི་ཨིན་པས།
གཅེས་སྐྱོང་དང་ སྙིང་རྗེ་ཅན་གྱི་ སྐྱོང་བཞག་ལས་འགུལ་གྱི་ ཆ་ཤས་སྦེ་ དབང་པོ་སྐྱོན་ཅན་དང་ མི་སེར་རྒན་ཤོས་ཚུ་ལུ་ མལ་གདན་རྩ་བའི་ ཆབ་གསང་དང་ རྐང་ཚབ་འཁརཝ་ མལ་ཆའི་ནང་ རྨ་བཀག་ཐབས་ཀྱི་ གདན་ལ་སོགས་པ་ཚུ་གི་ གྲོགས་རམ་ཚུ་ཡང་ མཁོ་སྤྲོད་འབད་ནི་ཨིནམ་ད་ དེ་ཡང་ ཁོང་གི་འཚོ་བའི་གནས་སྟངས་ ལེགས་སྒྱུར་འབད་ནི་དང་ རང་དབང་གོང་འཕེལ་གྱི་དོན་ལུ་ཨིན་པའི་གནས་ཚུལ།

Please follow and like us: