
ཨཱལ་ཇ་ཟི་ར།
ཤར་ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ གློག་མེའི་དགོས་མཁོ་ ཡར་སེང་འགྱོ་བའི་ དཀའ་ངལ་སེལ་ཐབས་ལུ་ ས་འོག་གྱུར་རྡོའི་ ཐོན་ཁུངས་ལུ་ མང་སུ་བརྟེན་དགོ་པའི་ གནས་སྟངས་ཤར་ནུག།
ཡུ་ཀེ་ཨེམ་བར་སྡེ་ཚན་གྱི་ སྙན་ཞུ་ལྟར་དུ་འབད་བ་ཅིན་ ཤར་ལྷོ་ཨེ་ཤི་ཡ་ཚོགས་པའི་ རྒྱལ་ཁབ་ཚུ་ནང་ འདས་པའི་ལོ་ནང་ སྤྱིར་སྙོམས་ལུ་ གློག་མེའི་དགོས་མཁོ་ འགྲུབ་ནི་དང་འབྲེལ་ཏེ་ ས་འོག་གྱུར་རྡོའི་ ཐོན་ཁུངས་སྤྱོད་ཚད་ བརྒྱ་ཆ་ ༣.༦ གིས་ ཡར་སེང་སོང་ནུག་ཟེར་ཨིན་པས།
སླར་བྱུང་ནུས་ཤུགས་ཀྱི་ ཐོན་ཚད་དེ་ སྤྱི་ལོ་ ༢༠༢༢ ལུ་ བརྒྱ་ཆ་ ༢༨ ལས་ འདས་པའི་ལོ་ནང་ བརྒྱ་ཆ་ ༢༦ ལུ་ མར་བབས་སོང་ཡོདཔ་ད་ དེ་བཟུམ་སྦེ་ བཙོག་རླུང་ཀཱར་བོན་གྱི་ ཐོན་ཚད་དེ་ཡང་ འདས་པའི་ལོ་ནང་ བརྒྱ་ཆ་ ༦.༦ ཡར་སེང་སོང་ཡོདཔ་ལས་ བཙོག་རླུང་ཀཱར་བཱོན་ ཊཱོན་ས་ཡ་ ༤༤ དེ་ཅིག་གིས་ མཁའ་དབྱིངས་ལུ་ ཧེང་བཀལ་གང་ཡོདཔ་སྦེ་བཀོད་ནུག།
དེ་ཡང་ རྡོ་སོལ་ལུ་བརྟེན་ཏེ་ མཁའ་དབྱིངས་ལུ་ བཙོག་གྲིབ་མང་སུ་ ཕོག་བཅུག་མི་ རྒྱལ་ཁབ་ཚུ་ཡང་ ཝེཊ་ནཱམ་དང་ མ་ལེ་ཤི་ཡ་ ཕི་ལི་པིན་ སིངྒ་པོར་ མཐའ་ཡས་ལེན་ཚུ་ཨིནམ་སྦེ་ བཀོད་དེ་ཡོདཔ་དང་ ལུང་ཕྱོགས་དེ་ནང་ ནུས་ཤུགས་ཀྱི་ གཞི་སྒྱུར་མགྱོགས་དྲགས་མེད་མི་ལུ་བརྟེན་ཏེ་ གནས་གོང་ཆུང་བའི་ ཉི་དྲོད་དང་ རླུང་འཁོར་ཚུ་བཟུམ་མའི་ སླར་བྱུང་ནུས་ཤུགས་ཀྱི་ ཁེ་ཕན་ཚུ་ མི་འཐོབ་ནི་མས་ཟེར་ཨིན་པས།
ཤར་ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ ས་འོག་གྱུར་རྡོའི་ཐོན་ཁུངས་ལུ་ གཞི་བརྟེན་འབད་ནི་དེ་ སླར་བྱུང་ནུས་ཤུགས་སྤྱོད་ནི་ལུ་ གཞི་སྒྱུར་མ་འབད་བ་ཅིན་ སླར་བྱུང་ནུས་ཤུགས་ཀྱི་ ཁེ་ཕན་ཚུ་ མ་ཐོབ་པའི་ཁར་ གནམ་གཤིས་གནས་སྟངས་དང་འབྲེལ་བའི་ དམིགས་གཏད་ཚུ་ འགྲུབ་ནི་ལུ་ཡང་ འཐུས་ཤོར་འབྱུང་ནི་མས་ཟེར་ཨིནམ་ད་ ལུང་ཕྱོགས་དེ་ནང་ གློག་མེའི་དགོས་མཁོ་དེ་ ག་ནི་བ་ མགྱོགས་དྲགས་སྦེ་ ཡར་སེང་འགྱོཝ་ལས་ ནུས་ཤུགས་ཀྱི་ དགོས་མཁོ་འགྲུབ་ནི་དེ་ གལ་གནད་ཆེ་དྲགས་ཅིག་ལུ་ གྱུར་ཏེ་ཡོདཔ་སྦེ་བཀོད་ནུག།
ཨེམ་བར་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུན་རིང་གི་དོན་ལས་ གོང་གསལ་དཀའ་ངལ་ཚུ་ སེལ་ཐབས་ལུ་ ཉི་དྲོད་དང་ རླུང་འཁོར་ལུ་བརྟེན་པའི་ ནུས་ཤུགས་ཚུ་གིས་ ཁེ་ཕན་སྦོམ་འོང་ནི་དང་ ཆུར་བརྟེན་གློག་མེའི་ཐེད་ཁར་ ཐན་ཤུགས་དང་ ཆར་ཆུ་འབབ་ཚུལ་གྱི་ འགྱུར་བ་ལུ་བརྟེན་ཏེ་ ཏན་ཏན་ཅིག་ར་ མི་འོང་ནི་མས་ཟེར་ཨིན་པས།
རྒྱལ་སྤྱི་ནུས་ཤུགས་ལས་སྡེ་གིས་ ཤར་ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ སྤྱི་ལོ་ ༢༠༣༥ འཐོནམ་ད་ གནམ་གཤིས་ཀྱི་ དམིགས་དོན་ཚུ་ འགྲུབ་དགོ་པ་ཅིན་ ཌོ་ལར་ཐེར་འབུམ་ ༡༩༠ དེ་ཅིག་ མ་རྩ་གཞི་བཙུགས་འབད་དགོཔ་ འཐོན་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།







Users Today :
Users Yesterday :
This Month :
This Year :
Total Users : 1402307
Views Today :
Total views : 5000
Who's Online :