
རོའི་ཊརཛ།
སྤྱི་ཟླ་ ༡༠ པའི་ཚེས་ ༢༢ ལུ་ འཛམ་གླིང་སྤྱི་ཚོགས་ནང་ ཨཱཛ་ཊེ་ལི་ཡ་དང་ ཡུ་ཨེཛ་གིས་གཙོས་པའི་ རྒྱལ་ཁབ་གཞན་ ༡༣ གྱིས་ རྒྱ་ནག་གི་ས་གནས་ ཟིན་ཇི་ཡང་དང་ བོད་ལུ་ འགྲོ་བ་མིའི་ཐོབ་དབང་ ལོག་སྤྱོད་འབད་ཡོད་པའི་སྐོར་ལས་ རྒྱ་ནག་ལུ་ ཉེས་ཁ་བཀལ་ནུག།
ཨིན་རུང་ རྒྱ་ནག་གིས་འབད་བ་ཅིན་ པེ་ལིཛ་ཊིན་གྱི་ ས་གནས་ག་ཟ་ལུ་ མི་སེར་ཚུ་ སྡུག་སྦྱོང་གཏང་མི་དེ་ རྒྱབ་ཁར་བསྐྱུར་ཏེ་ རྒྱ་ནག་ལུ་ དེ་བཟུམ་མའི་ ཁ་ཉེས་བཀལཝ་མས་ཟེར་ཨིན་པས།
ནིའུ་ཡོག་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་དང་ ཇི་ནི་ཝ་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་ཐོབ་དབང་ལྷན་ཚོགས་ནང་ རྒྱ་ནག་གིས་ ཨུ་གུར་དང་ མུཛ་ལིམ་རིགས་བརྒྱུད་ལུ་ མ་ལེགསཔ་འབད་དོ་ཡོད་པའི་སྐོར་ལས་ དུས་རྒྱུན་གྱི་ གནད་དོན་ཅིག་སྦེ་ ཐོནམ་འཐོན་སར་ཡོདཔ་ཨིན་པས།
འཛམ་གླིང་སྤྱི་ཚོགས་ནང་ ཨཱཛ་ཊེ་ལི་ཡའི་གཞུང་ཚབ་ ལར་སེན་གྱིས་ འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་ཐོབ་དབང་ཚོགས་ཆུང་ལུ་ རྒྱ་ནག་གིས་ ཁས་བླངས་འབད་ཡོདཔ་བཞིན་དུ་ རྒྱལ་སྤྱི་འགྲོ་བ་མིའི་ཐོབ་དབང་གི་ འགན་ཁུར་ཚུ་ ངེས་པར་དུ་འབག་ནི་ཡོདཔ་ བཟོ་དགོཔ་མ་ཚད་ འཛམ་གླིང་སྤྱི་ཚོགས་ཀྱིས་ གྲོས་དོན་བཀོད་མི་ གནད་དོན་ཚུ་ཡང་ འགྲུབ་དགོཔ་སྦེ་བཤད་ནུག།
དེ་བཟུམ་སྦེ་ རྒྱ་ནག་གི་ ས་གནས་ཟིན་ཇི་ཡང་དང་ བོད་ལུ་ ཚུལ་མིན་གྱི་སྒོ་ལས་ འཛིན་བཟུང་འབད་མི་ཚུ་ གཏང་དགོ་པའི་ཁར་ ད་རེས་ གར་སོང་མེད་མི་ཚུ་ཡང་ ག་དེ་སྦེ་འབད་ཡོདཔ་ཨིན་ན་དང་ ཡང་ཅིན་ ག་ཏེ་ལུ་ཡོདཔ་ཨིན་ནའི་སྐོར་ལས་ དོགས་སེལ་འབད་དགོཔ་ཡང་ གལ་ཆེ་ཟེར་ཨིན་པས།
ལར་སེན་གྱིས་ གནད་དོན་དེ་གི་སྐོར་ལས་ ཨཱཛ་ཊེ་ལི་ཡ་དང་ ཡུ་ཨེཛ་ ཀེ་ན་ཌ་ ཌེན་མཱག་ ཕིན་ལེན་ ཕ་རཱནཛ་ ཇར་མ་ནི་ ཨ་ཡིཛ་ལེན་ རྒྱ་པཱན་ ལི་ཐུ་ཨ་ནི་ཡ་ ནེ་དར་ལེན་ ནིའུ་ཟི་ལེན་ ནོར་ཝེ་ སུ་ཡེ་ཌེན་ དེ་ལས་ བི་རི་ཊེན་ རྒྱལ་ཁབ་ཚུ་གི་ ཁྱད་ཚབ་ལུ་ གསལ་བཤད་འབད་ནུག།
དེ་འབདཝ་ད་ རྒྱ་ནག་གིས་འབད་བ་ཅིན་ ཨུ་གུར་རིགས་བརྒྱུད་ཀྱི་ མི་སེར་ཚུ་གི་ ཐོབ་དབང་ལོག་སྤྱོད་འབདཝ་མས་ཟེར་མི་དེ་ མི་བདེན་ཟེར་ཨིནམ་ད་ གཞུང་ཚབ་ཕུ་ཀོང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ནུབ་ཕྱོགས་རྒྱལ་ཁབ་ཀྱི་ སྡེ་ཚན་དེ་གིས་ མ་བདེན་པའི་ ལོ་རྒྱུས་ཚུ་ བཤད་ཐོག་ལས་ ཕུང་དཀྲུགས་ཀྱི་ ཐབས་ཤེས་འཚོལཝ་མས་ཟེར་ཨིན་པས།
གཞུང་ཚབ་ཕུ་ཀོང་གིས་ ད་རེས་ནངས་པའི་ གནས་སྐབས་ནང་ འགྲོ་བ་མིའི་ཐོབ་དབང་དང་འབྲེལ་ཏེ་ དྲན་གསལ་འབད་དགོ་པའི་ གནད་དོན་གཙོ་བོ་ར་ པེ་ལིཛ་ཊིན་གྱི་ ས་གནས་ག་ཟའི་སྐོར་ལས་ འོང་དགོཔ་ཨིན་རུང་ ཨཱཛ་ཊེ་ལི་ཡ་དང་ ཡུ་ཨེཛ་གིས་གཙོས་པའི་ རྒྱལ་ཁབ་དག་པ་ཅིག་གིས་ར་ གནད་དོན་དེ་གི་སྐོར་ལས་ ལོ་རྒྱུས་མ་བཤད་པར་ ཞི་བདེའི་ངང་ལུ་ཡོད་མི་ རྒྱ་ནག་གི་ ས་གནས་ཟིན་ཇི་ཡང་གི་སྐོར་ལས་ མ་ལེགས་པའི་ ལོ་རྒྱུས་ཚུ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 888
Users Yesterday : 6933
This Month : 65257
This Year : 294098
Total Users : 1005914
Views Today : 8050
Total views : 2924468
Who's Online : 5