
ང་བཅས་རའི་ གཡུས་སྒོ་ཚུ་ནང་ སོ་ནམ་ཞིང་པ་ཚུ་གི་ ལོ་ཐོག་ལུ་ ལོ་བསྟར་བཞིན་དུ་ རི་དྭགས་སེམས་ཅན་གྱིས་ གནོདཔ་བཀལ་དོ་ཡོདཔ་ལས་ དུས་ཅི་ སྤྱི་ལོ་ ༢༠༢༤ ལས་ འགོ་བཙུགས་མི་ ལོ་ལྔའི་འཆར་གཞི་ ༡༣ པའི་ནང་ སོ་ནམ་དང་ སྒོ་ནོར་ལྷན་ཁག་གི་ ཁ་ཐུག་ལས་ རྒེད་འོག་ ༢༠༥ གི་ ཆུ་ཞིང་དང་ གེ་ཟའི་ཞིང་ ཀེ་བའི་ཞིང་ཚུ་ ཉེན་སྲུང་འབད་ཐབས་ལུ་ ལྕགས་སྐུད་རཝ་ མཁོ་སྤྲོད་འབད་ནིའི་དོན་ལས་ འཆར་དངུལ་དཔྱ་བགོ་ དངུལ་ཀྲམ་ཐེར་འབུམ་ ༥.༡ འབད་ཡོདཔ་མ་ཚད་ གལ་གནད་ཆེ་བའི་ ལོ་ཐོག་གཞན་གྱི་རིགས་ཡང་ ཉེན་སྲུང་འབད་ཐབས་ལུ་ དངུལ་ཀྲམ་ཐེར་འབུམ་ ༢.༨ དཔྱ་བགོ་འབད་ཡོདཔ་ཨིན་པས།
འདས་པའི་ལོ་ངོ་ ༢ ཀྱི་རིང་ལུ་ རྫོང་ཁག་ཚུ་ནང་ ས་ཆ་ཨེ་ཀར་ ༤༢༧ ལྷགཔ་ཅིག་ལུ་ ཉི་དྲོད་གློག་ཐག་གི་ རཝ་བསྒོར་ཡོདཔ་མ་ཚད་ ས་ཆ་ཨེ་ཀར་ ༣,༢༠༠ དེ་ཅིག་ལུ་ཡང་ ལྕགས་སྐུད་རཝ་བསྒོར་ཡོད་མི་དེ་གིས་ མི་སེར་གུང་པ་ ༡,༡༥༥ ལུ་ ཁེ་ཕན་བྱུང་ཡོདཔ་ད་ དེ་བཟུམ་སྦེ་ རྒྱ་གར་གཞུང་ལས་ཡང་ རྫོང་ཁག་ཚུ་གི་དོན་ལས་ དངུལ་ཀྲམ་ས་ཡ་ ༦༣༧.༥ གི་ མ་དངུལ་དཔྱ་བགོའི་ གནང་བ་གྲུབ་ནུག།
རྒྱལ་ཁབ་ནང་ རི་དྭགས་སེམས་ཅན་གྱི་ གནོདཔ་བཀག་ཐབས་ལུ་ གློག་ཐག་གི་ རཝ་བསྒོར་ནིའི་དོན་ལས་ སྤྱི་ལོ་ ༢༠༡༣ ལུ་ གཞུང་ལས་ གནང་བ་གྲོལ་ཡོད་རུང་ བརྟག་དཔྱད་ཚུ་དང་འཁྲིལཝ་ད་ དེ་བཟུམ་མའི་ གློག་ཐག་རཝ་ཚུ་གིས་ ཕན་ཐོགས་ཡོད་རུང་ འཕྲལ་འཕྲལ་སྦེ་ར་ ལཱ་འབད་མ་བཏུབ་ཐལ་ནི་དང་ མཐུད་སྦྲེལ་གྱི་ནོར་བ་ དེ་ལས་ ལྕགས་སྐུད་བཙའ་བཤེད་ནི་ཚུ་ལུ་བརྟེན་ཏེ་ ཏན་ཏན་ཅིག་མེདཔ་ཨིན་པས།
ང་བཅས་རའི་ རྒྱལ་ཁབ་ནང་ ལོ་ཐོག་ལུ་ གནོདཔ་བཀལ་མི་ མང་ཤོས་ར་ རི་ཕག་དང་ ཀ་ཤ་ གླངམོ་ཆེ་ དོམ་དེ་ཚུ་ཨིནམ་ད་ ལྷོ་མཚམས་བདའ་སྟེ་འབད་བ་ཅིན་ གླངམོ་ཆེ་ཚུ་གིས་ ལོ་ཐོག་མ་ཚད་ སྡོད་ཁྱིམ་ཚུ་ཡང་ མེདཔ་བཏངམ་ཨིན་པས།
དེ་འབདཝ་ལས་ རྩིས་ལོ་ ༢༠༢༢-༢༣ ལུ་ འདས་པའི་གཞུང་གིས་ ལྕགས་སྐུད་ར་བའི་དོན་ལུ་ དངུལ་ཀྲམ་ས་ཡ་ ༥༠༠ དང་ རྩིས་ལོ་ ༢༠༢༣-༢༤ ལུ་ དངུལ་ཀྲམ་ཐེར་འབུམ་ ༡ དཔྱ་བགོ་འབད་ཡོདཔ་ད་ ན་ཧིང་ལས་ འགོ་བཙུགས་ཏེ་ ད་ཚུན་གྱི་བར་ན་ རྫོང་ཁག་ ༢༠ ལས་ རྫོང་ཁག་ ༡༦ གི་ནང་ ལྕགས་སྐུད་རཝ་བསྒོར་ནི་གི་ལཱ་ཚུ་ མཇུག་བསྡུ་ཡོད་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1396435
Views Today :
Total views : 5000
Who's Online :