
སྤྱི་ཟླ་ ༡༢ པའི་ཚེས་ ༣ ལུ་ རྒྱལ་རབས་ཅན་གྱི་ རྒྱལ་སྲུང་སྦྱོང་བརྡར་ ཤོ་ཐེངས་དང་པའི་ མཇུག་བསྡུ་རྟེན་འབྲེལ་དེ་ མཁོ་ཐང་ཁ་དང་ པདྨ་ཐང་ རྒྱ་མཚོ་གླིང་ རྒྱལ་པོའི་ཞིང་འབདཝ་ད་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ ༤ གི་ནང་ དུས་མཉམ་ལུ་ བརྩི་སྲུང་འབད་ཡི།
མཁོ་ཐང་ཁའི་ རྒྱལ་སྲུང་སྦྱོང་བརྡར་ མཇུག་བསྡུའི་རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་མཛད་གནང་སར་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་ཚུ་ བྱོན་གནང་ཡོདཔ་མ་ཚད་ མི་རྗེ་བློན་ཆེན་གྱིས་གཙོས་པའི་ གཞུང་གྲྭ་ཚང་གི་ སློབ་དཔོན་ལྷན་རྒྱས་ཚུ་དང་ དམག་སྡེའི་འགོ་དཔོན་ གཞུང་གི་ཆེ་མཐོའི་འགོ་དཔོན་ དེ་ལས་ ཕྱི་འབྲེལ་དོན་གཅོད་འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་མཛད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མི་དབང་མངའ་ཞབས་མཆོག་གི་ སྐུ་ཚབ་སྦེ་ རྒྱལ་པོའི་ཞིང་ལུ་ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་དང་ རྒྱ་མཚོ་གླིང་ལུ་ མི་དབང་རྒྱལ་སྲསམོ་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་ པདྨ་ཐང་ལུ་ མི་དབང་རྒྱལ་སྲསམོ་ བདེ་ཆེན་གཡང་འཛོམས་དབང་ཕྱུག་ཚུ་གིས་ དབུ་བཞུགས་མཛད་གནང་ཡོདཔ་ད་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ ༤ གི་ནང་ གལ་གནད་ཆེ་བའི་ རྟེན་འབྲེལ་དེ་ཁར་ རྒྱལ་སྲུངཔ་ཚུ་གི་ ཕམ་ཚུ་ཡང་ མགྱོནམོ་སྦེ་འབོ་གནང་ནུག།
དེ་བསྒང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་སྲུངཔ་ཚུ་ལུ་ གསུང་བཤད་ཅིག་ གནང་པའི་ནང་གསལ་ རྒྱལ་སྲུང་དེ་ རྒྱལ་ཁབ་གོང་འཕེལ་གྱི་ བྱ་སྒོའི་ནང་ དགོས་མཁོ་ཅན་གྱི་ ཆ་ཤས་ཅིག་དང་ རྒྱལ་སྲུང་སྦྱོང་བརྡར་དེ་ མ་འོངས་པ་ལུ་ འབྲུག་མི་ཚུ་ སྒྲིང་སྒྲིང་དང་ ལྕོགས་གྲུབ་ཅན་ བཟོ་ཐོག་ལས་ རྒྱལ་ཁབ་ལུ་ ཕྱག་ཕྱིད་ཞུ་ནི་གི་ གྲ་སྒྲིག་དོན་ལུ་ གཞི་སྒྱུར་གྱི་ མདུན་ལམ་ཅིག་ཨིན་ཟེར་ གསུངས་གནང་ཡི།
མི་དབང་མཆོག་གིས་ ང་བཅས་རའི་ རྒྱལ་ཁབ་ཀྱི་ དམིགས་ཡུལ་དེ་ མ་འོངས་པའི་ མི་རབས་ཚུ་ལུ་ ཁྱད་དུ་འཕགས་པའི་ ལོངས་སྤྱོད་དང་ བཤུལ་བཞག་ཚུ་ སྔར་ག་ཨིནམ་སྦེ་ རྩིས་སྤྲོད་ནི་དེ་ཨིནམ་ལས་ ང་བཅས་ལུ་ཡོད་མི་ སྲུང་སྐྱོབ་འབད་ནི་གིས་མ་དོ་བར་ ཡར་འཕེལ་དང་ འཕྲོ་མཐུད་ངེས་གཏན་བཟོ་ནི་གི་ འགན་ཁུར་དེ་ཡང་ འབྲུག་མི་རེ་རེ་བཞིན་དུ་ལུ་ ཕོགཔ་ཨིན་ཟེར་ གསུངས་གནང་ཡོདཔ་ཨིན་པས།
ང་བཅས་ཀྱིས་ འབྲུག་གི་དོན་ལུ་ འདས་པའི་གྲུབ་འབྲས་ཚུ་གུ་ ལོ་ངོ་བཅུ་ཕྲག་རེ་དང་ མི་རབས་རེ་ དེ་ལས་ དུས་རབས་རེ་རེ་བཞིན་དུ་ལུ་ ལོངས་སྤྱོད་དང་ བདེ་སྐྱིད་སྔར་བ་ལྷག་པའི་ ཡར་རྒྱས་གཏང་སྟེ་ མི་རབས་དང་ མི་རབས་ཀྱི་བར་ན་ གོང་འཕེལ་ཚུ་ མཉམ་བསྡོམས་ཐོག་ལས་ རྩིས་སྤྲོད་འབད་དགོ་ཟེར་ གསུངས་གནང་ནུག།
མི་དབང་མཆོག་གིས་ རྒྱལ་ཡོངས་ཞབས་ཏོག་དེ་ དུས་ཚོད་ག་རའི་ནང་ ང་བཅས་རའི་ རྒྱལ་ཁབ་ཀྱི་ ཉེན་སྲུང་དང་ སྲ་བརྟན་ ཕན་བདེ་ཚུ་གི་དོན་ལུ་ ད་རེས་འབད་བའི་བསྒང་ཡོད་མི་ ཆ་ཤས་གཙོ་བོ་ཅིག་ཨིནམ་ད་ དེ་ཡང་ འབྲུག་མི་རེ་རེ་ལུ་ མི་བཅུ་ཐམ་རེའི་ ནུས་སྟོབས་དང་ ལྕོགས་གྲུབ་ཡོདཔ་བཟོ་སྟེ་ མ་འོངས་པ་དེ་ གཅིག་མཐུན་དང་ སྒྲིག་འཛིན་ དེ་ལས་ དགོས་དོན་ཤོ་མཚུངས་སྦེ་ གཏན་འཁེལ་བཟོ་ནི་ལུ་ ཁེ་ཕན་རྒྱ་སྐྱེད་ གཏང་ཚུགས་ཟེར་ཨིན་པས།
དེ་མ་ཚད་ མི་དབང་མཆོག་གི་ཞབས་ལས་ རྒྱལ་ཁབ་དང་ མི་སེར་གྱི་ ཉེན་སྲུང་དང་ རྩ་བརྟན་ དེ་ལས་ ཞི་བདེ་ཚུ་གི་དོན་ལུ་ རྒྱལ་ཡོངས་ཞབས་ཏོག་དེ་ གལ་ཆེ་ཤོས་ཅིག་ཨིན་ཟེར་ གསུངས་གནང་ནུག།
ན་གཞོན་བུ་དང་ བུམོ་ ༢,༠༠༡ གི་དོན་ལུ་ རྒྱལ་སྲུང་སྦྱོང་བརྡར་ མཇུག་བསྡུའི་མཛད་རིམ་དེ་ མི་ཚེའི་ནང་ བརྗེད་པར་ཕངས་པའི་ དུས་བསྐལ་ཅིག་ཨིནམ་མ་ཚད་ གྲུབ་འབྲས་ཚུ་དང་ དམ་ཚིག་ཅན་གྱི་ འབྲུག་པའི་མི་ཁུངས་ཅིག་སྦེ་ འགན་ཁུར་འབག་ཆོག་ཆོག་སྦེ་ཡོད་པའི་ བརྡ་མཚོན་བཟུམ་ཅིག་ཡང་ཨིན་པས།
མདང་ཞག་ སྤྱི་ཟླ་ ༩ པའི་ཚེས་ ༥ ལས་ འགོ་བཙུགས་ཏེ་ ཟླ་ངོ་ ༣ གྱི་རིང་ལུ་ འགོ་འདྲེན་འཐབ་མི་ རྒྱལ་སྲུང་སྦྱོང་བརྡར་ནང་ ལུས་སྦྱོང་དང་ གོ་མཚོན་ལག་ལེན་ཚུ་བརྩིས་ཏེ་ གཞི་རྟེན་སྦྱོང་བརྡར་ཚུ་ བྱིན་ཡོདཔ་མ་ཚད་ རྒྱལ་སྲུངཔ་ཚུ་གི་དོན་ལུ་ རྒྱལ་ཡོངས་ཤེས་ཡོན་དང་ འབྲུག་གི་རྒྱལ་རབས་ ནང་འཁོད་ཉེན་སྲུང་ ཆོས་བཤད་ འགོ་ཁྲིད་རིག་རྩལ་ཚུ་གི་ ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ནུག།
ད་ལས་ཕར་ དུས་ནམ་ར་འབད་རུང་ རྒྱལ་སྲུང་ཡིག་ཚང་ལྟེ་བའི་ བཀོད་རྒྱ་དང་འཁྲིལ་ཏེ་ རྒྱལ་ཡོངས་ཞབས་ཏོག་གི་དོན་ལས་ གྲ་སྒྲིག་སོང་ཡོདཔ་ད་ གོང་འཕེལ་ཁ་སྐོང་གི་དོན་ལུ་ རྒྱལ་སྲུངཔ་ཟེར་མིའི་ མིང་དོན་མཚུངས་པའི་ ཁས་བླངས་ལས་རིམ་ཚུ་གི་ནང་ གྲལ་གཏོགས་འབད་ནི་གི་ གོ་སྐབས་ཚུ་ཡང་ཡོདཔ་ད་ དེ་བཟུམ་མའི་ ལས་རིམ་ཐོག་ལས་ རྒྱལ་སྲུང་སྤེལ་ཁང་ བཟོ་བསྐྲུན་བཟུམ་མའི་ ལས་འགུལ་ཚུ་བརྒྱུད་དེ་ དམིགས་བསལ་གྱི་ ལཱ་གཡོག་སྦྱོང་བརྡར་ཚུ་གི་སྒོ་ལས་ ཁྱད་རིག་དང་ འཕྲུལ་རིག་གི་ སྦྱོང་བརྡར་ཚུ་ཡང་ བྱིན་ནི་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་ ༢༠༡༩ ལུ་ རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༢ པ་ བརྩི་སྲུང་སྐབས་ལུ་ གསལ་བསྒྲགས་གནང་མི་ འབྲུག་གི་རྒྱལ་ཡོངས་ཞབས་ཏོག་ རྒྱལ་སྲུང་ལས་རིམ་དེ་ཡང་ འབྲུག་པའི་ན་གཞོན་ཚུ་གིས་ རྒྱལ་ཁབ་ཀྱི་ ཞི་བདེ་དང་ ཉེན་སྲུང་ རང་དབང་ཚུ་ སྲུང་སྐྱོབ་འབད་ནི་དང་གཅིག་ཁར་ རྒྱལ་ཁབ་གོང་འཕེལ་ལུ་ཡང་ གལ་གནད་ཆེ་བའི་ འགན་ཁུར་འབག་ནི་ལུ་ མཁྱེན་རྒྱ་ཆེ་བའི་ ལས་རིམ་ཅིག་སྦེ་ སྒྲིག་བཀོད་གནང་ཡོད་པའི་གནས་ཚུལ།






Users Today : 4574
Users Yesterday : 1453
This Month : 4574
This Year : 300540
Total Users : 1012356
Views Today : 6241
Total views : 2935845
Who's Online : 86