
ཚེ་རིང་ལྷ་མོ།
སྤྱི་ཟླ་ ༡ པའི་ཚེས་ ༡༧ ལུ་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ སྣུམ་འཁོར་ཚོང་འབྲེལ་འཐབ་མི་ ༡༡ གིས་ སྣུམ་འཁོར་གྱི་ ཤུགས་ཚད་དང་བསྟུན་པའི་ སྔོ་ལྗང་གི་ཁྲལ་ འཐེབ་ལེན་མི་ཚུ་ ལོག་སྤྲོད་དགོཔ་སྦེ་ གསལ་བསྒྲགས་འབད་ཡོད་རུང་ སྣུམ་འཁོར་ཚོང་འབྲེལ་འཐབ་མི་ཚུ་ དེ་སྦེ་ ལོག་སྤྲོད་ནི་ལུ་ མགུ་འཐོམ་དགོཔ་ བྱུང་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་ ༡༠༡༩ སྤྱི་ཟླ་ ༡ པ་ལས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༡ པའི་ཚེས་ ༣༠ གི་ ནང་འཁོད་ལུ་ སྣུམ་འཁོར་ཉོ་མི་ཚུ་ལས་ སྔོ་ལྗང་གི་ཁྲལ་ འཐེབ་ལེན་མི་ཚུ་ ལོག་འཐོབ་ནི་མ་གཏོགས་ སྣུམ་འཁོར་ཉོ་མི་ག་ར་ལུ་ མ་འཐོབ་ནི་དེ་གིས་ཨིན་པས།
ཨིན་རུང་ སྣུམ་འཁོར་ཉོ་མི་ མང་ཤོས་ཅིག་གིས་ར་ གོ་བ་བརྡ་ལོག་སྦེ་ སྔོ་ལྗང་གི་ ཁྲལ་སྤྲོད་མི་ཚུ་ག་ར་ ལོག་འཐོབ་ནི་ཨིན་པའི་ མནོ་བསམ་ཡོདཔ་ལས་ སྣུམ་འཁོར་ཚོང་འབྲེལ་འཐབ་མི་ཚུ་གིས་ དང་པ་ར་ གོ་བ་བརྡ་ལོག་ལེན་མི་ཚུ་ བསལ་དགོཔ་འདུག་ཟེར་ཨིན་པས།
དེ་སྦེ་ སྣུམ་འཁོར་ཉོ་མི་ ཚོང་མགྲོན་པ་ཚུ་ལུ་ ལོག་འཐོབ་ནི་ཨིན་མི་དེ་ གཙོ་བོ་ར་ སྤྱིར་བཏང་སྔོ་ལྗང་གི་ཁྲལ་དང་ ཁོང་ལུ་བཀལ་མི་ ཁྲལ་ ༢ ཀྱི་བར་ན་ ཁྱད་པར་ཞུགས་མི་ཚུ་ལུ་ བལྟ་དགོཔ་ཡོདཔ་ལས་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ ལམ་སྟོན་དང་འཁྲིལ་ཏེ་ འོས་འབབ་བལྟ་རྟོག་གི་ ལཱ་ཚུ་འབད་དོ་ཡོདཔ་ཨིན་པས།
འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱི་ གསལ་བསྒྲགས་དང་འཁྲིལ་བ་ཅིན་ འབྲུག་ཚོང་འབྲེལ་ལས་འཛིན་གྱིས་ སྣུམ་འཁོར་ཉོ་མི་ ༨༥༧ ལུ་ དངུལ་ཀྲམ་ས་ཡ་ ༡༤.༣༣ དང་ སེངྒེ་ཚོང་སྡེ་གིས་ སྣུམ་འཁོར་ཉོ་མི་ ༡༨༥ ལུ་ དངུལ་ཀྲམ་ས་ཡ་ ༩.༦༡ ལོག་སྤྲོད་དགོ་ནི་ཨིན་པས།
དེ་བཟུམ་སྦེ་ གཟིམ་སྒྲ་མོ་ཊརཛ་གིས་ སྣུམ་འཁོར་ཉོ་མི་ ༡,༡༢༠ ལུ་ དངུལ་ཀྲམ་ས་ཡ་ ༤.༩༩ དང་ གཟིམ་སྦིས་མོ་ཊརཛ་གིས་ སྣུམ་འཁོར་ཉོ་མི་ ༡༨ ལུ་ དངུལ་ཀྲམ་ ༧༧༠,༩༤༣ བྷུ་ཊཱན་ཨི་སུ་ཛུ་གིས་ སྣུམ་འཁོར་ཉོ་མི་ ༡༦༥ ལུ་ དངུལ་ཀྲམ་ ༥༢༣,༥༣༨ ཊི་སི་ཌི་མོ་ཊརཛ་གིས་ སྣུམ་འཁོར་ ༡༨ ཉོ་མི་ལུ་ དངུལ་ཀྲམ་ ༣༢༢,༤༥༨ ལོག་སྤྲོད་དགོ་ནི་ཨིན་པས།
དེ་ལས་ ཤིང་མཁར་ཨོ་ཊོ་གིས་ སྣུམ་འཁོར་ཉོ་མི་ ༡༩༠ ལུ་ དངུལ་ཀྲམ་ ༢༡༩,༢༨༦ དང་ བྷུ་ཊཱན་ཧུན་ཌ་ཡེ་གིས་ སྣུམ་འཁོར་ཉོ་མི་ ༡,༧༣༦ ལུ་ དངུལ་ཀྲམ་ ༡༣༠,༩༤༩ ལེགས་སཱོལ་མོ་ཊརཛ་གིས་ སྣུམའ་ཁོར་ཉོ་མི་ ༤ ལུ་ དངུལ་ཀྲམ་ ༢༨,༨༢༦ དང་ བསམ་ལྡན་ཝེ་ཀཱལཛ་གིས་ སྣུམ་འཁོར་ཉོ་མི་ ༣༧ ལུ་ དངུལ་ཀྲམ་ ༢༥,༠༠༠ ཕི་རི་ཌོམ་མོ་ཊརཛ་གིས་ སྣུམ་འཁོར་ཉོ་མི་ ༣༢ ལུ་ དངུལ་ཀྲམ་ ༡,༧༤༠ ལོག་སྤྲོད་དགོ་ནི་ཨིན་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1391773
Views Today :
Total views : 5000
Who's Online :