
པདྨ་བཟངམོ།
སྤྱི་ཟླ་ ༡ པའི་ཚེས་ ༢༣ ལུ་ ནུབ་ཕྱོགས་རྫོང་ཁག་ ༣ གྱི་ ས་གནས་ཁག་ ༣ གྱི་ ནགས་ཚལ་ཚུ་ནང་ མེ་རྐྱེན་བྱུང་ཡོདཔ་ད་ དེ་ཡང་ ཆུ་ཁ་འདམ་ཆུ་དང་ ཧཱ་དཀར་ཚོགས་ སྤ་རོ་གནས་ཕུག་ཚུ་ནང་ བྱུང་ཡོདཔ་ཨིན་པས།
འདམ་ཆུའི་མེ་རྐྱེན་ནང་ རང་ལུགས་ཀྱི་སྡོད་ཁྱིམ་ ༤ དང་ སྦ་སྒོར་ ༣ འཚིགས་ཡོད་རུང་ ས་ཁོངས་དེ་ནང་ སྡོད་མི་ཚུ་ ཉེན་སྲུང་དང་ལྡན་པའི་ ས་གནས་ཚུ་ནང་ སྤོ་བཤུད་འབད་ནུག།
མིག་གིས་མཐོང་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདམ་ཆུའི་མེ་རྐྱེན་དེ་ ཉིན་མའི་ཆུ་ཚོད་ ༡༢ དེ་ཅིག་ཁར་ གློག་ཚད་སྤེལ་འཕྲུལ་ནང་ལས་ བྱུང་པའི་ཤུལ་ལུ་ ནགས་ཚལ་ནང་ལས་ཕར་ ཁྱབ་སྤེལ་སོང་ཡི་ཟེར་ཨིན་པས།
དེ་བསྒང་ ས་གནས་དེ་ཁར་ རྒྱ་གར་གྱི་ ལམ་སེལ་ལས་འགུལ་ དཱན་ཊག་གི་ ལཱ་འབད་མི་ཚུ་ཡོདཔ་ལས་ དཱན་ཊག་ལས་འགུལ་གྱི་ ཆུ་འབག་མི་ སྣུམ་འཁོར་ ༢ དང་ ལས་མི་ ༡༠༠ དེ་ཅིག་ མེ་བསད་པར་སོང་ནུག།
དེ་གི་ཤུལ་ལས་ རྒྱལ་གཞུང་འབྲུག་གི་འགག་སྡེ་དང་ རྒྱལ་གཞུང་འབྲུག་གི་དམག་སྡེ་ བདེ་སྲུངཔ་ དཱན་ཊག་ མི་སེར་ཁས་བླངས་པ་ དེ་ལས་ ནགས་ཚལ་འགན་འཛིན་པ་ཚུ་གིས་ མེ་བསད་ནི་ལུ་ བརྩོན་ཤུགས་བསྐྱེད་དེ་འབད་རུང་ གྱེན་གཟར་དྲགས་ཡོད་པའི་གུ་ རླུང་མ་འཕུ་ནི་དེ་གིས་ མེ་བསད་ནི་ལུ་ གདོང་ལན་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཧཱ་ལུ་ཡང་ ཉིན་མའི་ཆུ་ཚོད་ ༡༢ དེ་ཅིག་ཁར་ བྱུང་ཡོདཔ་ད་ དེ་ཡང་ རླུང་མ་ཤུགས་སྦེ་ འཕུ་ནི་དེ་གིས་ གློག་ཐག་གུ་ལས་ མེ་རྐྱེན་བྱུང་པའི་ཤུལ་ལུ་ སྐར་ཚོགས་རྒེད་འོག་གི་ སྤྱི་འོག་ ༢ ནང་ གནོད་སྐྱོན་བྱུང་ནུག།
དེ་ལས་ སྤ་རོ་གནས་ཕུག་ལུ་ ཉིན་མའི་ཆུ་ཚོད་ ༢ དེ་ཅིག་ཁར་ མེ་རྐྱེན་བྱུང་མི་དེ་ཡང་ རླུང་མ་ཤུགས་སྦེ་འཕུཝ་ལས་ གློག་ཐག་ས་ཁར་བུད་བའི་ཤུལ་ལུ་ འབར་ཡོདཔ་སྦེ་ཨིན་རུང་ གཏན་འཁེལ་སྦེ་ ཤེས་རྟོགས་མ་བྱུངམ་ཨིན་པས།
ད་རེས་ ནགས་ཚལ་དེ་ཚུའི་ནང་ མེ་རྐྱེན་བྱུང་མི་ལུ་བརྟེན་ཏེ་ ཐིམ་ཕུ་དང་ སྤ་རོ་ ཧཱ་ཚུ་ནང་ རླུང་མའི་སྤུས་ཚད་ ལེགས་ཤོམ་མེདཔ་ལས་ མི་སེར་ཚུ་ ཕྱི་ཁར་འགྱོ་ནི་ལས་ འཛེམ་དགོཔ་དང་ ག་དེམ་ཅིག་སྦེ་ ཕྱི་ཁར་འགྱོ་རུང་ ཁ་རས་རྐྱབ་དགོ་པའི་ཁར་ སྒོ་ཅུང་དང་ སྒོ་ཚུ་ཡང་ བསྡམ་དགོཔ་སྦེ་ གསོ་བའི་ལྷན་ཁག་ལས་ གསལ་བསྒྲགས་འབད་ནུག།
དེ་མ་ཚད་ ཨ་ལུ་དང་ རྒན་ཤོས་ ངོ་རྐྱང་ཚུ་གི་ འཕྲོད་བསྟེན་ལུ་ གནོད་ཉེན་སྦོམ་སྦེ་ར་ཡོདཔ་ལས་ རང་སོའི་ཁྱིམ་ནང་ སྤྱི་རྩི་དཔལ་འབར་དང་ མེ་རླུང་གེཛ་ཚུ་ཡང་ ལག་ལེན་འཐབ་ནི་ལས་ འཛེམ་དགོཔ་སྦེ་ གསལ་བསྒྲགས་ནང་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1391775
Views Today :
Total views : 5000
Who's Online :