རྒྱ་གར་ལུ་ སློབ་གྲྭའི་འགོ་ཁྲིད་ ཁྱད་འཕགས་ཀྱི་ཞལ་འཛོམས།

སྤྱི་ཟླ་ ༢ པའི་ཚེས་ ༢༡ ལུ་ རྒྱ་གར་གྱི་རྒྱལ་ས་ ནིའུ་དིལླི་ལུ་ཚོགས་མི་ སློབ་གྲྭའི་འགོ་ཁྲིད་ཁྱད་འཕགས་ཀྱི་ ཞལ་འཛོམས་ ༢༠༢༥ འགོ་འབྱེད་རྟེན་འབྲེལ་ནང་ མི་རྗེ་བློན་ཆེན་མཆོག་གིས་ འགོ་ཁྲིད་ཁྱད་འཕགས་ཟེར་མི་དེ་ གོ་གནས་དང་ དབང་ཚད་ཐོག་ལས་ ངེས་ཚིག་འགྲེལ་ནི་མིན་པར་ རང་དོན་བློས་བཏང་སྟེ་ ཞབས་ཏོག་ཞུ་ནི་གི་ ཁས་ལེན་གཏིང་ཟབ་ཡོད་མི་ལུ་ གཙོ་བོར་བཟུང་ཐོག་ལས་ བདེན་འཛིན་རུང་བའི་ གསལ་བཤད་གནང་ཡོདཔ་ཨིན་པས།
དེ་ཡང་ ཤེས་བྱ་ཡངས་པའི་ འགོ་ཁྲིད་ཟེར་མི་དེ་ ཤེས་རབ་དང་ སྙིང་རྗེ་ དེ་ལས་ བློ་སྟོབས་ཚུ་ཡོད་མི་ལུ་ གོ་ནི་ཨིནམ་ད་ རྒྱ་གར་གྱི་ གོང་འཕེལ་ལུ་ འགྱུར་ལྡོག་མེད་པའི་ དད་དམ་ཡོད་མི་ བློན་ཆེན་ན་རེན་ད་ར་ མོ་དི་མཆོག་གིས་ བརྩི་མཐོང་བསྐྱེད་གནང་དོ་བཟུམ་སྦེ་ཨིན་ཟེར་གསུངས་ནུག།
འབྲུག་ལུ་འབད་བ་ཅིན་ མཁྱེན་རྒྱ་ཡངས་པའི་ མི་དབང་མངའ་བདག་རིམ་བྱོན་ཚུ་གིས་ ཤེས་རབ་དང་ རང་དོན་བློས་བཏང་ཐོག་ལས་ ལམ་སྟོན་མཛད་གནང་མི་ཚུ་ འབྲུག་རྒྱལ་ཁབ་ཀྱི་ ཡར་འཕེལ་དང་ བདེ་ཉམས་ཀྱི་ རྩ་བ་ཨིན་ཟེར་ གསུངས་པའི་ཁར་ འབྲུག་གི་གོང་འཕེལ་ནང་ རྒྱ་གར་གཞུང་གིས་ གཏོང་ཕོད་ཅན་གྱི་ རྒྱབ་སྐྱོར་ཐོག་ལས་ གལ་གནད་ཅན་གྱི་ ལས་འགན་འབག་གནང་མི་ལུ་ཡང་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་ཡོདཔ་ཨིན་པས།
དེ་མ་ཚད་ མི་རྗེ་བློན་ཆེན་མཆོག་གིས་ རྒྱ་གར་གྱི་ མི་སེར་ཡོངས་ལུ་ མགྲོན་བརྡ་གནང་པའི་ནང་ལས་ དམིགས་བསལ་གྱིས་ བཟོ་གྲྭའི་འགོ་ཁྲིདཔ་ཚུ་གིས་ དྲན་ཤེས་དང་ ཡུན་བརྟན་ལུ་ གཞི་བརྟེན་པའི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་དགོངས་ལས་འཁྲུངས་པའི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལུ་ བལྟ་སྐོར་འབད་བར་ འོང་དགོཔ་སྦེ་གསུངས་ནུག།
དེ་བཟུམ་སྦེ་ མ་འོངས་པའི་ ལོ་ཚུ་གི་ནང་ཡང་ རྒྱ་འབྲུག་ ༢ ཀྱི་བར་ན་ དམིགས་བསལ་གྱི་ མཛའ་བཤེས་དང་ མཉམ་འབྲེལ་གཏིང་ཟབ་བཟོ་ནི་ལུ་ ཁས་ལེན་ཡོད་ལུགས་ཚུ་ གསུངས་ཡོད་པའི་གནས་ཚུལ།

Please follow and like us: